ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འགན་འཁུར་བས་ཏང་གི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མི་འདེམས་བསྐོ་བྱ་བའི་ཐད་ནས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་བཏབ།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཉེ་ཆར། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འགན་འཁུར་བས་ཏང་གི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མི་འདེམས་བསྐོ་བྱ་བ་ལེགས་པར་སྒྲུབ་པའི་འབྲེལ་ཡོད་གནད་དོན་ཐད་ནས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས།

ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འགན་ཁུར་བས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉེར་གཅིག་པ་ནི་ང་ཚོའི་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འཐབ་ལམ་གསར་པ་རུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་འཐུས་མིའི་ཚོགས་ཆེན་ཐེངས་ཤིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མི་ལེགས་པར་བདམ་རྒྱུ་ནི་ཐེངས་འདིའི་ཚོགས་ཆེན་ལེགས་པར་འཚོག་པའི་རྨང་གཞི་གལ་ཆེན་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་སྒྲིག་ཡིག་རྩ་བར་འཛིན་པ་དང་། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ། ཆབ་སྲིད་ཀྱི་ཚད་གཞི་གཙོ་བོར་འཇོག་པ་རྒྱུན་འཁྱོངས། ཚད་གཞི་དང་ཆ་རྐྱེན་ནན་ཏན་བྱེད་པ་དང་། འདེམས་བསྐོའི་གོ་རིམ་ཇེ་དམ་དུ་གཏོང་བ། འདེམས་བསྐོའི་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ་བཅས་བྱས་ནས་བདམས་ཐོན་བྱུང་པའི་ཏང་གི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མིའི་བྱང་ཚད་མཐོ་བ་དང་། གྲུབ་ཚུལ་ལུགས་མཐུན། ཁྱབ་རྒྱ་ཆེ་ཞིང་། ཏང་ཡོན་གྱི་བརྩི་བཀུར་ཐོབ་པ་བཅས་ལ་འགན་ལེན་བྱེད་དགོས།

ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འགན་ཁུར་བས་བསྟན་དོན། འཐུས་མི་འདེམས་བསྐོའི་བརྒྱུད་རིམ་ཧྲིལ་པོར་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་གནད་འགག་དམ་འཛིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འོས་མིའི་ཆབ་སྲིད་ཀྱི་འགག་སྒོ་དང་། སྤྱོད་གཙང་གི་འགག་སྒོ། སྤྱོད་ཚུལ་གྱི་འགག་སྒོ་བཅས་ནན་སྲུང་བྱས་ནས། ཆབ་སྲིད་ཀྱི་བྱང་ཚད་ལ་རྟོག་ཞིབ་གཏིང་ཟབ་དང་ཏན་ཏིག་བྱ་དགོས་ཤིང་། ཏང་གཤིས་དབྱེ་འབྱེད་ལ་ཤུགས་བསྣན་ནས་སྤྱོད་གཙང་གི་ཚད་མཐའ་གཟབ་ནན་དང་གང་ལེགས་ཀྱིས་དམ་འཛིན་བྱས་ཏེ། ཆབ་སྲིད་ཐད་ཚད་མི་ལོངས་པའི་སྤ་སེ་གཅིག་ཡོད་ཚེ་གཏན་འགོག་བྱས་ཏེ། “སྐྱོན་ཅན་གྱི་མིང་འདོན་པ”དང་“སྐྱོན་ཅན་བདམས་ཐོན”འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། འཐུས་མིའི་གྲུབ་ཚུལ་ལ་སྟངས་འཛིན་ལུགས་མཐུན་བྱས་ཏེ། ཏང་གི་ངོ་བོ་དང་དམིགས་ཡུལ་གང་ལེགས་ཀྱིས་མངོན་པ་དང་། སྔོན་ཐོན་རང་བཞིན་དང་རྒྱ་ཁྱབ་ཀྱི་འཐུས་ཚབ་རང་བཞིན་མཚོན་པར་བྱས་ཏེ། ཐོན་སྐྱེད་དང་བྱ་བའི་འཐབ་ཕྱོགས་དང་པོའི་འཐུས་མིའི་བསྡུར་ཚད་ལ་འགན་ལེན་བྱེད་པ་དང་། འཐབ་ཕྱོགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མི་ཡོད་དགོས་ཤིང་། བཟོ་པ་དང་། ཞིང་པ། ཆེད་ལས་ལག་རྩལ་མི་སྣ་བཅས་ཀྱི་ཏང་ཡོན་ཁྲོད་ཀྱི་སྔོན་ཐོན་དཔེ་བཟང་མི་སྣ་འཐུས་མིའི་འོས་མིར་འོས་སྦྱོར་བྱ་རྒྱུར་གཙིགས་སུ་བཟུང་སྟེ། འོས་མིའི་ཐོབ་ཐང་གི་འགག་སྒོ་དམ་སྲུང་བྱེད་དགོས། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་དེ་ལ་ཤུགས་བསྣན་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་ཏན་བྱས་ཏེ། ཏང་ནང་གི་དམངས་གཙོ་དར་སྤེལ་གང་ལེགས་གཏོང་དགོས་པ་དང་། གཏན་འབེབས་ཀྱི་གོ་རིམ་ལྟར་ཏང་གི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མི་གཟབ་ནན་གྱིས་གདམ་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། འདེམས་བསྐོའི་སྒྲིག་ཁྲིམས་བཅས་ནན་སྲུང་བྱས་ཏེ། ལྟ་སྐུལ་དང་། ཞིབ་བཤེར། འགན་འཁྲི་རྩད་གཅོད་བཅས་ཀྱི་ནུས་ཚད་ཆེ་རུ་སྐྱེད་ནས། སྤྱོད་བཟང་གཞུང་དྲང་ཡོང་བར་ཁག་ཐེག་བྱེད་དགོས། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པར། རྩ་འཛུགས་ཡོད་པ་དང་། འཆར་གཞི་ལྡན་པ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་འཐུས་མི་འདེམས་བསྐོའི་བྱ་བ་དྲིལ་སྒྲོག་བྱས་ནས། གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།

ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འགན་འཁུར་བས་ད་དུང་ཏང་ཀྲུང་དབྱང་གི་འཐུས་མི་འདེམས་བསྐོ་བྱ་བའི་སྐོར་གྱི་མཛུབ་སྟོན་གྱི་དགོངས་དོན་གཙོ་བོ་དང་། འཐུས་མི་འདེམས་བསྐོ་བྱ་བའི་དོན་སྙིང་གལ་ཆེན། འཐུས་མིའི་མི་གྲངས་བགོ་སྟངས་དང་། འཐུས་མིར་འཛོམས་དགོས་པའི་ཆ་རྐྱེན་དང་གྲུབ་ཚུལ། བདམས་ཐོན་གོ་རིམ་དང་། འདེམས་བསྐོ་བྱ་བའི་རྩ་འཛུགས་འགོ་ཁྲིད་སོགས་ཀྱི་གནད་དོན་ཐད་ནས། གསར་འགོད་པའི་དྲི་བར་ལན་བཏབ།

​