ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ལས་ཏང་གི་ཚོགས་ཆེན་ཉེར་གཅིག་པ་2027ལོའི་ལོ་སྨད་དུ་པེ་ཅིང་དུ་འཚོག་རྒྱུ་གཏན་འབེབས་བྱས། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《ཏང་གི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མི་འདེམས་བསྐོ་བྱ་བའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ནས། ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མི་འདེམས་བསྐོ་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གྲོས་ཚོགས་བསྡུས་ནས་བྱེ་བྲག་གི་བཀོད་སྒྲིག་བྱས།
ཏང་གི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མིའི་མི་གྲངས་བསྡོམས་པས2360ཡོད་པ་དང་། དེ་རྒྱལ་ཡོངས་ཀྱི་འདེམས་བསྐོ་ལས་ཁུངས38ཀྱིས་འདེམས་བསྐོ་བརྒྱུད་དེ་བདམ་ཐོན་འབྱུང་དགོས། ཚོགས་ཆེན་ཐེངས་ཉེར་གཅིག་པའི་འདེམས་བསྐོ་བྱ་བ་ལེགས་པར་བསྒྲུབ་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་སྒྲིག་ཡིག་རྩ་བར་འཛིན་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་སྣོན་པ། ཆབ་སྲིད་ཀྱི་ཚད་གཞི་གོ་གནས་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། ཚད་གཞིའི་ཆ་རྐྱེན་ནན་དུ་གཏོང་བ་དང་འདེམས་བསྐོའི་བརྒྱུད་རིམ་ནན་ཏུ་གཏོང་བ། འདེམས་བསྐོའི་སྒྲིག་ཁྲིམས་ཇེ་དམ་དུ་བཏང་སྟེ། བདམས་ཐོན་བྱུང་བའི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མིའི་བྱང་ཚད་མཐོ་བ་དང་གྲུབ་ཚུལ་ལུགས་དང་མཐུན་པ། ཁྱབ་རྒྱ་ཆེ་ཞིང་ཏང་ཡོན་གྱི་གོང་བཀུར་ཐོབ་པར་ཁག་ཐེག་བྱེད་དགོས།
ཏང་ཀྲུང་དབྱང་གིས། ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མི་ནི་གུང་ཁྲན་ཏང་ཡོན་ཁྲོད་ཀྱི་ཕུལ་བྱུང་མི་སྣ་ཡིན་དགོས་པ་དང་། མིག་དཔེ་ལྡན་པའི་སྒོ་ནས་ཏང་གི་སྒྲིག་ཡིག་བརྩི་སྲུང་དང་། ཏང་ཡོན་གྱི་ཚད་གཞི་ནན་པོར་གཞིགས་ནས་རང་ཉིད་ལ་བླང་བྱ་འདོན་པ། གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་ལྡན་པས་འཐུས་མིའི་གྲུབ་ཚུལ་སྟངས་འཛིན་ལུགས་མཐུན་བྱ་དགོས། ཐོན་སྐྱེད་དང་ལས་ཀའི་འཐབ་ཕྱོགས་དང་པོའི་འཐུས་མིའི་བསྡུར་ཚད་འགན་ལེན་དང་། བཟོ་པ་དང་། ཞིང་པ། ཆེད་ལས་ལག་རྩལ་མི་སྣ་བཅས་ཀྱི་ཏང་ཡོན་ཁྲོད་ཀྱི་སྔོན་ཐོན་དཔེ་བཟང་མི་སྣ་འཐུས་མིའི་འོས་མིར་འོས་སྦྱོར་བྱ་རྒྱུར་དོ་སྣང་བྱེད་དགོས། བུད་མེད་ཏང་ཡོན་དང་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་འཐུས་མིས་བསྡུར་ཚད་ངེས་ཅན་ཞིག་ཟིན་དགོས། དཔལ་འབྱོར་དང་། ཚན་རིག་ལག་རྩལ། རྒྱལ་སྲུང་། སྲིད་ཁྲིམས། སློབ་གསོ། དྲིལ་སྒྲོག རིག་གནས། འཕྲོད་བསྟེན། ལུས་རྩལ། སྤྱི་ཚོགས་དོ་དམ། གསར་དུ་ལས་ཞུགས་བྱེད་པའི་ཚོགས་སྤྱི་སོགས་ཕྱོགས་སོ་སོའི་འཐུས་མི་ཡོད་དགོས།
ཏང་ཀྲུང་དབྱང་གིས། ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མིའི་འདེམས་བསྐོ་བདམས་ཐོན་འབྱུང་བའི་ཐད་ནས། འོག་རིམ་ནས་གོང་རིམ་དང་། གོང་འོག་ཟུང་འབྲེལ། ཡང་དང་བསྐྱར་དུ་གྲོས་བསྡུར་བྱེད་པ། རིམ་པ་རེ་རེ་བཞིན་གདམ་གསེས་བྱེད་པའི་བྱེད་ཐབས་སྤྱོད་དགོས། ཏང་རྩ་འཛུགས་རིམ་པ་ཁག་གིས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་གཟབ་ནན་ཞིབ་ཚགས་ཀྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་འཐུས་མི་འདེམས་བསྐོའི་བྱ་བ་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས། ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མི་འདེམས་བསྐོ་བྱ་བ་ད་ལྟ་ནས་འགོ་བརྩམས་པ་དང་། སང་ལོའི་ཟླ6པའི་ཟླ་མཇུག་སྔོན་ལ་མཇུག་སྒྲིལ་རྒྱུ་རེད།