
ཟླ11པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚྭ་མཚེའུ་རྫས་འགྱུར་བཟོ་ལས་ཁེ་ལས་ཀྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་གྱི་རྩ་བཅོས་བྱ་སྤྱོད་སྐུལ་སྤེལ་ཚོགས་འདུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཚྭ་འདམ་ཆེ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་དུ་བསྡུས་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་འཁུར་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ། རྩ་བཅོས་བྱ་སྤྱོད་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ། འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྐྱེ་ཁམས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཀྲུའུ་ཀི་ཡུས་ཅེ་ཡིས་འགོ་འཛིན་བྱས།
ལིའུ་མེ་ཕིང་དང་ལིའུ་ཐའོ་ཚོགས་འདུར་ཞུགས། ཚོགས་འདུའི་ཐོག་རྩ་བཅོས་བྱ་བའི་འཕེལ་རིམ་སོགས་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། མཚོ་ནུབ་ཁུལ་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། ཀྲུང་གོ་ཚྭ་མཚེའུ་སྡེ་ཚོགས་ཀྱི་འགན་འཁུར་བས་གཏམ་བཤད།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ཚྭ་མཚེའུ་རྫས་འགྱུར་བཟོ་ལས་ཁྱབ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་རྩ་བཅོས་བྱེད་པ་ནི་ངེས་པར་དུ་རྒྱལ་ཁ་ལེན་དགོས་པའི་འགག་སྒྲོལ་དམག་འཐབ་ཅིག་དང་སྐད་ཅིག་ཙམ་ཡང་ལྷོད་གཡེང་གཏོང་མི་རུང་བའི་རྒྱུན་སྲིང་དམག་འཐབ་ཅིག་རེད། ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་ནི་མཚོ་སྔོན་གྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཞིབ་བཤེར་མཐའ་གཅིག་ཏུ་སྒྲུབ་ཐུབ་པ། ངེས་པར་དུ་ཆབ་སྲིད་ཀྱི་ཐད་ནས་བལྟ་བ་དང་ཆབ་སྲིད་ཀྱི་ཐད་ནས་སྒྲུབ་པ། ཆབ་སྲིད་ཀྱི་ཐད་ནས་ལེགས་བཅོས་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཚད་གཞི་སྔར་ལས་མཐོ་བ་དང་། བླང་བྱ་སྔར་ལས་གཟབ་ནན་ཡིན་པ། བྱེད་ཐབས་སྔར་ལས་ཏན་ཏིག་བཅས་ཀྱི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་དང་། ཕྱོགས་ཡོངས་ནས་ཞིབ་བཤེར། ཕྱོགས་ཡོངས་ནས་དག་ཐེར་ཡོ་བསྲང་བཅས་བྱེད་དགོས། གནད་དོན་རྩ་བཅོས་བྱེད་པར་གཡོ་ཟོལ་མི་བྱེད་པ་དང་སྒྲུབ་མཚམས་མི་འཇོག་པ། བསྐྱར་ལོག་མི་བྱེད་པ་བཅས་ཀྱི་འགན་ལེན་ཏན་ཏིག་བྱ་དགོས་ལ། ཕན་འབྲས་རྩ་བ་ནས་བཅོས་ན་ལོ་རྒྱུས་དང་ལག་ལེན་གྱི་ཞིབ་བཤེར་ཐེག་ཐུབ།
ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། གནད་དོན་དག་ཐེར་བཅོས་སྒྲིག་དང་ཞིབ་བཤེར་རྩིས་ལེན་བྱས་ནས་མེད་པར་བཟོ་བ་སོགས་ཀྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། སྲ་གཟུགས་སྙིགས་རོ་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་སྤྱོད་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱེད་དགོས། ཚྭ་མཚེའུ་རྫས་འགྱུར་བཟོ་ལས་ཁྱབ་ཁོངས་སུ་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་བྱེད་པའི་འབྲེལ་ཡོད་ལས་རིགས་ཀྱི་ཚད་གཞི་གཏན་འབེབས་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། དག་ཐེར་དང་མཐིལ་མཐོང་། རྩ་བ་ནས་བཅོས་སྐྱོང་། ཚད་གཞི་དོན་འཁྱོལ་བཅས་ཡོང་བར་བྱེད་དགོས། སྐྱེ་ཁམས་ལྟ་སྐུལ་དོ་དམ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་གཏོང་དགོས་ལ། གྲངས་ཀར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ཁུངས་གལ་ཆེན་ལ་ཞིབ་མཆན་འགོད་པར་གཙོ་གནད་དུ་ལྟ་སྐུལ་དོ་དམ་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱ་དགོས། ལྟ་སྐུལ་དོ་དམ་དང་འགན་འཁྲི་རྩད་གཅོད་ལ་བརྟེན་ནས་སྔ་མོ་ནས་དམ་འཛིན་བྱེད་དགོས་ལ། ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་མཐའ་གཅིག་ཏུ་མེད་པར་བཟོས་ནས་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཀྱི“འགོག་སྲུང་དྲ་བ”བརྟན་པོ་བཟོ་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ལས་གཞིར་ཞིབ་མཆན་འགོད་པ་དང་དག་ཐེར་བཅོས་སྐྱོང་བྱེད་པ་སོགས་གནད་འགག་གི་རིམ་པར་དམ་པོར་དམིགས་ཏེ། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཕན་འབྲས་གསར་པས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ལ་སྲུང་སྐྱེལ་བྱེད་དགོས།
ཀྲུའུ་ཀི་ཡུས་ཅེ་ཡིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“དེ་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་དམ་འཛིན་ནན་མོ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཇེ་དྲག་ཏུ་གཏོང་དགོས། ཆུ་དང་རླུང་ཁམས་ཆེན་མོ། ས་རྒྱུ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། མཐིལ་རྟོལ་བ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ། ས་ཁོངས་ཡོངས་སུ་ཁྱབ་པའི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་ནས་དོ་དམ་ཚོད་འཛིན་དང་དེང་རབས་ཅན་གྱི་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་མ་ལག་འཛུགས་དགོས་ལ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས།
ཚོགས་འདུ་མ་འཚོག་གོང་། ལུའོ་ཏུང་ཁྲོན་དང་། ཀྲུའུ་ཀི་ཡུས་ཅེ། ལིའུ་མེ་ཕིང་། ལིའུ་ཐའོ་བཅས་འབྲེལ་ཡོད་ཚྭ་མཚེའུ་རྫས་འགྱུར་བཟོ་ལས་ཁེ་ལས་སུ་རྟོག་ཞིབ་བྱེད་དུ་བསྐྱོད།
ཤ་བོ་རིན་མཚོས་བསྒྱུར།