
ཟླ11པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས“གཞི་རིམ་གྱི་བདེ་ཐང་ཞབས་ཞུའི་དྲ་རྒྱ་བརྟན་པོར་བཙུགས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དམངས་ཕན་གྱི་འཐབ་ལམ་གསར་པའི་འགོ་རྩོམ་དགོས”ཞེས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་གཞི་རིམ་འཕྲོད་བསྟེན་བདེ་ཐང་བྱ་བའི་འཕེལ་རྒྱས་གྲུབ་འབྲས་དང་གསར་གཏོད་ལག་ལེན་ངོ་སྤྲོད་བྱས།
གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ནི་མང་ཚོགས་ཀྱི་བདེ་ཐང་སྲུང་བའི་གནད་འགག་རེད། 2016ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་མཐུད་ངང་སྲིད་ཇུས་མ་ལག་འཐུས་ཚང་དང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་ནང་དོན་ལེགས་སྒྱུར་བཅས་བྱས་ཏེ། མགྱོགས་མྱུར་སྒོས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་མི་འདང་སར་ཁ་གསབ་བྱས་ནས། ས་ཁོངས་ཡོངས་ལ་ཁེབས་པ་དང་བྱེད་ནུས་ཆ་ཚང་བ། ཞབས་ཞུ་སྤུས་ལེགས་ཡིན་པ་བཅས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་རྣམ་པ་གསར་པ་རིམ་བཞིན་བསྐྲུན།
མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། ཀྲུའུ་རེན་གཞོན་པ། དོན་གྲུབ་ཀྱིས་བཤད་རྒྱུར།
2025ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་སུ་ཁྱོན་སྡོམ་རིགས་སོ་སོའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དྲུག་སྟོང་ལྔ་བརྒྱ་ཞེ་བཞི་དང་། ཉལ་ཁྲི་དྲུག་སྟོང་བདུན་བརྒྱ་རེ་གཅིག གཞི་རིམ་འཕྲོད་བསྟེན་མི་སྣ་ཉིས་ཁྲི་བཞི་སྟོང་སུམ་བརྒྱ་རེ་བརྒྱད་བཅས་ཡོད། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱིའི་ནད་བརྟག་སྨན་བཅོས་མི་ཐེངས་བྱེ་བ་གཅིག་དང་ས་ཡ་གསུམ་བརྒྱད་ཁྲི་ཆིག་སྟོང་ལ་སླེབས་པ་དེ། “ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”དུས་མཇུག་ལས20.73%འཕར་ཡོད་པ་དང་། ནད་བརྟག་སྨན་བཅོས་ཀྱི་བསྡུར་ཚད 44.8%བར་ཇེ་མཐོར་སོང་ཡོད།
མཚོ་སྔོན་ཞིང་ཆེན་གྱིས་དམ་ཚགས་ཅན་གྱི་རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པའི་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པ46བཙུགས་ནས། རྫོང་ཁོངས་ཡོངས་སུ་ཁེབས་པར་བྱས་ཡོད།
སྨན་བཅོས་ཞབས་ཞུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ཏེ། རྒྱང་བསྟེན་གཟུགས་བརྙན་དང་རྒྱང་བསྟེན་སྙིང་གློག་ལྟེ་གནས་ཀྱི་ཁེབས་ཚད་བརྟན་པོའི་ངང་ཆེ་རུ་སོང་བ་དང་། སྨན་བཅོས་ཐུན་མོང་ཚོགས་པའི་སྨན་ཁང་བརྗེ་བའི་སྟེགས་བུ25བསྐྲུན། སྨན་བཅོས་འཕྲོད་བསྟེན་རྨང་གཞི་ཇེ་བརྟན་དུ་གཏོང་བའི་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གསུམ་ས་ཡ་གཅིག་བཏང་ནས། གཙོ་བོར་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་ཚོགས་པ་དགུ་ཡི་སྤུས་འདེགས་རིམ་སྤོར་ལ་རྒྱབ་སྐྱོར་བྱས་ཏེ། གཞི་རིམ་གྱི་རྨང་གཞི་རྒྱུན་མཐུད་ངང་ཇེ་བརྟན་དུ་བཏང་།
མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། ཀྲུའུ་རེན་གཞོན་པ། དོན་གྲུབ་ཀྱིས་བཤད་རྒྱུར།
2025ལོར། ཞིང་ཆེན་ཡོངས་སུ་ཆ་སྙོམས་མི་ཁྲི་རེ་ལ་སྨན་པ་དཀའ་བཅུ་པ་གཉིས་མངག་སྡོད་བྱས་ཡོད། ཞིང་ཆེན་ལྟེ་གནས་ཀྱི་སྨན་ཁང་བཅོ་བརྒྱད་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཉེར་གསུམ་བར་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད་པ་དང་། བསྡོམས་པས་ཆེད་མཁས་པ་མི་ཐེངས་ཆིག་སྟོང་བརྒྱད་བརྒྱ་བཅོ་བརྒྱད་མངགས་གཏོང་བྱས། ཡུས་ཧྲུའུ་ཁུལ་དང་ཟི་ལིང་གྲོང་ཁྱེར་བར་ཁ་གཏད་རོགས་སྐྱོར་རྐྱེན་སྲོལ་བཙུགས་ནས། ཟི་ལིང་གི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་བཅུ་གཉིས་ཀྱིས་ཡུས་ཧྲུའུ་ཁུལ་གྱི་ལས་ཁུངས་ཉི་ཤུའི་བར་ཁ་གཏད་རོགས་སྐྱོར་འབྲེལ་བ་བཙུགས། མཚོ་སྐོར་ས་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོགས་ཆེན་བསྡུས་ནས། མཚོ་སྐོར་ས་ཁུལ་གྱི་ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱེད་ཐབས་དགུ་བཏོན།
མཚོ་སྔོན་ཞིང་ཆེན་གྱིས་གཞི་རིམ་གྱི་ཁྱད་ཆོས་ལྡན་པའི་ཚན་ཁག་འཛུགས་སྐྲུན་གཏིང་ཟབ་བྱས་ཏེ། ཁམས་གསོ་དང་གཅོང་ནད་དོ་དམ། བྱིས་ནད་ཚན་ཁག མོ་ནད་ཚན་ཁག བདེ་ཐང་སྨན་བཅོས། ཁ་སྦུག་སོགས་ཆེད་ལས་ཚན་ཁག་གཙོར་བཟུང་ནས་བསྐྲུན་པ་དང་། 2030ལོའི་ལོ་མཇུག་བར་དུ། ཁྱད་ལྡན་ཚན་ཁག100བསྐྲུན་པའི་འཆར་གཞི་ཡོད། དེ་དང་ཆབས་ཅིག གཞི་རིམ་གྱི་ཀྲུང་བོད་ལུགས་གསོ་རིག་གི་ཁྱད་ཆོས་ཆེ་རུ་བཏང་བ་དང་། གཞི་རིམ་གྱི་ཀྲུང་བོད་ལུགས་གསོ་རིག་སྨན་ཁང439བསྐྲུན་ཏེ། ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ(བོད་ལུགས)སྨན་ཁང་གིས་ཡོངས་སུ་ཁེབས་པར་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།