ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་སློབ་སྦྱོང་ཐེངས་ཉེར་གཉིས་པར་འགོ་འཛིན་མཛད།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ11པའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རིམ་པ་མང་པོའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་འགན་སྲུང་གི་བདེ་འཇགས་དྲ་བ་སྔར་ལས་དམ་ཚགས་བཟོ་བ”ཞེས་པ་བརྗོད་དོན་བྱས་ཏེ། ཆེད་དོན་སློབ་སྦྱོང་ཐེངས་ཉེར་གཉིས་པ་བསྒྲུབས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་འགན་སྲུང་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།  སྤྱི་ཚོགས་འགན་སྲུང་ལམ་ལུགས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་དགོས་ཤིང་། དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད།  དྲང་སྙོམས་གཅིག་གྱུར། བདེ་འཇགས་ཚད་ལྡན།  རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས་ལ།   དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་མི་དམངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲིན་ཀུང་ཁྲུན་གྱིས་འགྲེལ་བཤད་བྱས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལེ་ཧྥུན་དང་ལིའུ་གོ་ཀྲུང་། རྒྱལ་སྲིད་ཨུ་ཡོན་ཧྲིན་ཡུས་ཆིན་བཅས་ཀྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།

ལི་ཆང་གིས་འགྲེལ་བཤད་དང་བརྗེ་རེས་ཀྱི་གཏམ་བཤད་ལ་གསན་རྗེས་བསྟན་དོན།  མིག་སྔར་མི་འབོར་གྲུབ་ཆའི་འགྱུར་ལྡོག་དང་ལག་རྩལ་ཡར་ཐོན། ལས་ཞུགས་བྱེད་སྟངས་སྣ་མང་ཅན་སོགས་ཀྱིས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་ཐད་དེ་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། སྤྱི་ཚོགས་འགན་སྲུང་གིས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཐོན་པའི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། སྤྱི་ཚོགས་འགན་སྲུང་བྱ་གཞག་དེ་སྤུས་ཚད་མཐོ་ལ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

ལི་ཆང་གིས་བསྟན་དོན། རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ལ་གཞི་ཚུགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཕེལ་རྒྱས་གཏོང་དགོས། ནུས་ཤུགས་ཡོད་རྒུ་འདོན་པ་དང་རང་ནུས་གང་ཐོན་གྱི་འབྲེལ་བ་དམ་འཛིན་ཡག་པོ་བྱེད་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཀྱིས་གཞོགས་འདེགས་བྱེད་པའི་འབྲེལ་བ་དམ་འཛིན་ཡག་པོ་བྱེད་པ། གཞི་རྩའི་འགན་སྲུང་དང་སྣ་མང་མཁོ་སྤྲོད་ཀྱི་འབྲེལ་བ་དམ་འཛིན་ཡག་པོ་བྱེད་དགོས། སྤྱི་ཚོགས་འགན་སྲུང་མ་ལག་གི་ཞན་ཆ་གང་མགྱོགས་སྒོས་ཁ་གསབ་དང་། ཁེ་ལས་ཀྱི་ལོ་ཕོགས་ཁེབས་རྒྱ་ཆེ་རུ་གཏོང་བ། མི་སྒེར་གྱི་རྒན་གསོའི་འཚོ་དངུལ་ལམ་ལུགས་ཀྱི་འགུག་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྟབས་བསྟུན་ལས་ཞུགས་མི་སྣའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། འགན་བཅོལ་ནང་ཞུགས་ཚད་རིམ་བཞིན་ཇེ་མཐོར་གཏོང་བ། ལས་ཞུགས་རྣམ་པ་གསར་པའི་མི་སྣའི་ཁེ་དབང་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། སྤྱི་ཚོགས་འགན་སྲུང་ལམ་ལུགས་སྔར་བས་དྲང་གཞག་ཡོང་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་རྒན་གསོའི་འགན་སྲུང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ། རིམ་དགར་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ཡུན་རིང་རྒྱུན་མཐུད་རང་བཞིན་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་བདེ་འཇགས་ལྟ་སྐུལ་དོ་དམ་དང་གནས་ཐང་འཕར་ཐང་ཆེ་རུ་གཏོང་དགོས། དུས་བབ་ཀྱི་འགྱུར་ལྡོག་དང་འཚམ་པར་བྱས་ནས། སྤྱི་ཚོགས་འགན་སྲུང་གི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དུས་ཐོག་ཏུ་བཟོ་བཅོས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས།

​