ཧན་ཀྲེང《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་སོ་གཅིག་པར་ཞུགས། 
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ས་དེའི་ཟླ11པའི་ཚེས8ཉིན་ནས་ཚེས12ཉིན་བར།  ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་ཚབ་པ།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ཐུར་ཁེ་རུ་ཕེབས་ཏེ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་སོ་གཅིག་པའི(COP31)ཨན་ཐ་ལི་ཡའི་འགོ་ཁྲིད་པའི་རྩེ་ཚོགས་ལ་ཞུགས་པ་མ་ཟད་རྒྱལ་ཁབ་ཀྱི་མིང་ཐོག་ནས་གཏམ་བཤད་གནང་། 

ཧན་ཀྲེང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་ནི་མིའི་རིགས་ཀྱི་ཐུན་མོང་གི་བྱ་གཞག་ཅིག་ཡིན།  ད་ལྟ་འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ངན་པ་མགྱོགས་མྱུར་ངང་མངོན་བཞིན་ཡོད།   གནས་བབ་གསར་པའི་མདུན་དུ་ངས་གྲོས་འགོ་བཞི་འདོན་རྒྱུ་ཡིན།   གཅིག་ནི་ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་བརྩི་སྲུང་བྱ་དགོས། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》དང《ཕ་རི་སིའི་གྲོས་ཆོད》ཕྱོགས་ཡོངས་ནས་ནུས་ལྡན་ངང་དོན་འཁྱོལ་བྱས་ཏེ། འཛམ་གླིང་གནམ་གཤིས་བཅོས་སྐྱོང་གི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས། གཉིས་ནི་སྤུས་ལེགས་ལྗང་མདོག་ལག་རྩལ་དང་ཐོན་རྫས་རང་མོས་འཁོར་རྒྱུག་ལ་སྐུལ་སྤེལ་བཏང་ནས་དཔལ་འབྱོར་དང་ཐོན་ལས་གྲུབ་ཚུལ་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།  གསུམ་ནི་དལ་དུ་གཏོང་བ་དང་འཕྲོད་བསྟུན་གལ་ཆེ་མཉམ་བརྩི་རྒྱུན་འཁྱོངས་བྱས་ཏེ།  གནོད་འགོག་རྒུད་སེལ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ།  གནོད་འཚེ་རོགས་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། གནམ་གཤིས་འཕྲོད་ནུས་ཆེ་རུ་གཏོང་དགོས། བཞི་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་ཤུགས་ཆེ་རུ་བཏང་ནས། དྭངས་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་བྱེད་དགོས།

ཚོགས་འདུའི་སྐབས་སུ།  ཧན་ཀྲེང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།   ཧན་ཀྲེང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྩེ་བའི་འཚམས་འདྲི་བརྒྱུད་བསྒྲགས་གནང་ཞིང་།  ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོས་དམིགས་འབེན་བཟོ་བ་དང་བྱ་སྤྱོད་དོན་འཁྱོལ་ལ་དམིགས་ཏེ་ཁ་བཤད་ཚིག་གནས་དང་ལག་ལེན་དོན་འཁྱོལ་རྒྱུན་འཁྱོངས་ཀྱིས་འཛམ་གླིང་གནམ་གཤིས་བཅོས་སྐྱོང་བྱེད་པར་རིན་ཐང་བྲལ་བའི་བརྟན་བརླིང་རང་བཞིན་དང་ངེས་གཏན་རང་བཞིན་འདོན་སྤྲོད་བྱ་རྒྱུ་ཡིན་པ་བསྟན།   ཀུའུ་ཐི་ལེ་སི་ཡིས་ཧན་ཀྲེང་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་མ་ཟད། ཀྲུང་གོ་དང་མཉམ་དུ་སྔར་ལས་མཉམ་ལས་བྱས་ཏེ་གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་ལ་གདོང་གཏོད་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད་པ་བསྟན།

ཧན་ཀྲེང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ཐོག“ཀྲུང་གོའི་ཟུར་ཁུལ”གྱིས་གཙོ་གཉེར་བྱས་པའི་གནམ་གཤིས་འགྱུར་ལྡོག་ལ་གདོང་གཏད་དེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལས་སྐལ་གཅིག་ཏུ་སྦྲེལ་ཡོད་པས། ང་ཚོས་ལག་གདང་སྦྲེལ་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གནམ་གཤིས་ཀྱི་མཉེན་ཆ་ཆེ་རུ་གཏོང་བ། ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཀྲུང་གོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་མུ་མཐུད་དུ་སྲུང་འཛིན་བྱས་ཏེ། གནམ་གཤིས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་དགོས།

ཧན་ཀྲེང་གདན་ཞུ་ལྟར་ཀུའུ་ཐི་ལེ་སི་ཡིས་གཉེར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམངས་ཡོངས་ཀྱི་སྔོན་ཚུད་ཉེན་བརྡའི་གྲོས་འགོའི་མཐོ་རིམ་བྱེད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ་ཏེ། ཀྲུང་གོས་གྲོས་འགོའི་འབྲེལ་ཡོད་བྱ་སྤྱོད་ལ་མུ་མཐུད་དུ་རྒྱབ་སྐྱོར་དང་དེའི་ནང་དུ་ཞུགས་ནས་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་གནམ་གཤིས་ཀྱི་འགྲན་སློང་ལ་གདོང་གཏོད་རྒྱུ་ཡིན་པ་བསྟན།

ཨན་ཐ་ལི་ཡར་ཡོད་པའི་སྐབས་སུ།  ཧན་ཀྲེང་གིས་ཐུར་ཁེའི་སྲིད་འཛིན ཨེ་ཨར་ཏོ་ཨན་ལ་མཇལ་འཕྲད་གནང་། ཧན་ཀྲེང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྩེ་བའི་འཚམས་འདྲི་བརྒྱུད་བསྒྲགས་གནང་ཞིང་། ཀྲུང་གོས་ཐུར་ཁེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག  ཀྲུང་གོ་དང་ཐུར་ཁེ་བར་གྱི་འཐབ་ཇུས་མཉམ་ལས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན།  ཨེ་ཨར་ཏོ་ཨན་གྱིས་ཧན་ཀྲེང་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་། ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་དམ་སྲུང་བྱས་ཏེ།  ཀྲུང་གོའི་ཕྱོགས་དང་ལག་གདང་སྦྲེལ་ནས་ཐུར་ཀྲུང་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན།

ཧན་ཀྲེང་གིས་ད་དུང་དབྱི་སི་ཐན་པུའུ་ཨར་དུ་ཐུར་ཁེའི་སྲིད་འཛིན་གཞོན་པ་ཡེ་ཨར་མ་ཙི་དང་མཉམ་དུ་ཀྲུང་གོ་དང་ཐུར་ཁེའི་ལྗང་མདོག་འཕེལ་རྒྱས་ཚོང་དོན་གླེང་སྟེགས་ལ་ཞུགས་པ་མ་ཟད། མཛའ་མཐུན་གྱི་བསམ་བློ་བརྗེ་རེས་གཏིང་ཟབ་བྱས།  ཕྱོགས་གཉིས་ཀྱིས་ཀྲུང་ཐུར་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ནས་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་མོས་མཐུན་བྱུང་། 

​