
ཟླ11པའི་ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲིན་དུ་ཀྲུང་གོར་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པར་ཕེབས་པའི་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་ལ་མཇལ་འཕྲད་གནང་།
ཟླ11པའི་ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲིན་དུ་ཀྲུང་གོར་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པར་ཕེབས་པའི་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སུའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ30འཁོར་བའི་ལོ་ཡིན་ལ། 《ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ25འཁོར་བའི་ལོ་ཡང་རེད། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ“འགྱུར་ལྡོག་ཆེ་བའི་གནས་བབ་ཁྲོད་བརྟན་བརླིང་ཡིན་ལ། “དོན་ཆེན་སྒྲུབ་སྐབས་སུ་མིག་རྒྱང་རིང་།”དེ་བས་འགྱུར་ལྡོག་ཆེ་བའི་འཛམ་གླིང་ལ་བརྟན་བརླིང་རང་བཞིན་དང་ངེས་གཏན་རང་བཞིན་སྔར་བས་མང་པོ་མཁོ་འདོན་བྱས་ཡོད་ཅིང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་བརྩི་འཇོག ཁ་དན་ཚིག་ལ་གནས་པ། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བར་མིག་དཔེ་གསར་པ་བསྟན་ཡོད། མ་འོངས་པར་ཕྱོགས་གཉིས་ཀྱིས་གསར་འབྱེད་ཡར་བརྩོན་གྱི་གསོན་ཤུགས་རྒྱུན་བསྐྱངས་ཏེ། དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བའི་བག་ཤུགས་དང་ནང་སྙིང་རྒྱུན་ཆད་མེད་པར་སྔོག་འདོན་བྱེད་དགོས་པ་དང་། ཏན་ཏན་ཏིག་ཏིག་ངང་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་ཆེན་པོར་དགོས་པའི་འགན་འཁྲི་དང་འགན་ཁུར་བློ་ཐག་ཆོད་པོས་འཁུར་བ་དང་། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྣེ་ཁྲིད་དང་སྐུལ་འདེད་གཏོང་དགོས་པ་བསྟན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་། ཁྲིམས་འཛུགས་ལས་ཁུངས། དམག་དཔུང་། ཏང་བར་གྱི་འགྲོ་འོང་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་གྱི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ནུས་ལྡན་ཡོང་བར་འགན་ལེན་བྱེད་དགོས། ཀྲུང་ཨུའི་དངོས་གཉེར་མཉམ་ལས་ལ་ཕན་ཚུན་ཡིད་ཆེས་ཀྱི་ཆབ་སྲིད་དགེ་མཚན་དང་། གོང་སྤེལ་དར་རྒྱས་ཀྱི་ཐུན་མོང་དམིགས་འབེན། གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་གཏན་ཚིགས་བཅས་ལྡན་ཡོད་པས། ད་ཡོད་ཀྱི་མཉམ་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་། གསོག་ཚད་ཇེ་བརྟན་དུ་གཏོང་བ། འཕར་ཚད་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། སྔར་བས་བརྟན་བརླིང་དང་སྔོན་དཔག་ཐུབ་པའི་དངུལ་གཏོང་དང་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས། ཀྲུང་གོ་དང་ཨུ་རུ་སུའི་འཕེལ་རྒྱས་དེ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་སྟེགས་བུ་གལ་ཆེན་ཞིག་རེད། ཀྲུང་གོས་ཨུ་རུ་སུ་དང་བཅས་པའི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཁྱིམ་གཞི་ཆེན་པོ་དང་མཉམ་དུ། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དར་རྒྱས་གོང་འཕེལ་གྱི་ཇུས་ཆེན་མཉམ་དུ་འདིང་བ་དང་། ལག་གདང་སྦྲེལ་ནས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་མཐུན་ཚོགས་པ་བསྐྲུན་དགོས།
ཕུའུ་ཅིན་གྱིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བདེ་བླག་ངང་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་ཡིན། ད་ལོའི་ཚུན་དུ། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་གྲུབ་འབྲས་གཟེངས་སུ་ཐོན་པའི་ཐུག་འཕྲད་གྲོས་མོལ་ཐེངས་བཞི་བྱས་ཤིང་། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་བཏང་བ་དང་། ཕྱོགས་གཉིས་ཀྱི་མཐོ་རིམ་འགྲོ་འོང་དམ་ཟབ་བྱས་ལ། ཕྱོགས་གཉིས་ཀྱི་ཉོ་ཚོང་གྲངས་འབོར་སླར་ཡང་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཨུ་རུ་སུ་དང་ཀྲུང་གོའི་སློབ་གསོའི་བརྗོད་དོན་ལོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་སྣའི་འགྲོ་འོང་ལ་སྐུལ་སྤེལ་ཤུགས་ཆེན་བཏང་ཡོད། ཨུ་རུ་སུས་ཀྲུང་གོ་དང་མཉམ་དུ“གཅིག་ལ་གཅིག་བརྟེན”གྱི་འཐབ་ཇུས་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་འདོད་ལ། ཉམས་མྱོང་ཕྱོགས་བསྡོམས་དང་མ་འོངས་འཆར་འགོད་བྱེད་པ་དང་། ཉོ་ཚོང་དང་། ནུས་ཁུངས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་བཏང་ནས། མི་ཚུལ་རིག་གནས་སྤེལ་རེས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད། ཀྲུང་གོས་ཧྲེན་ཀྲིན་དུ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུ། ཨུ་རུ་སུས་ཀྲུང་གོ་དང་མཉམ་དུ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཕེལ་རྒྱས་མཉམ་ལས་ལ་སྐུལ་སྤེལ་བཏང་ནས། འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། སྔར་ལས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་འབྲེལ་བ་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་པར་ནུས་པ་གལ་ཆེན་འདོན་འདོད་ཡོད།
ཚའེ་ཆི་དང་། ཝང་དབྱི། ཧོང་ཁོན་མུན་སོགས་མཇལ་འཕྲད་ལ་ཞུགས།