ཞི་ཅིན་ཕིང་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་བརྗོད་དོན་གསུང་བཤད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ11པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲེན་ཀྲིན་དུ2026ལོའི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད། 《ཡིད་ཆེས་བརྟན་པོ་དང་། དཔའ་ངར་ཆེར་སྐྱེད་ཀྱིས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འོད་སྟོང་འབར་བའི་འབྱུང་འགྱུར་མཉམ་དུ་བསྐྲུན》ཞེས་པའི་བརྗོད་དོན་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས། རྒྱལ་སྤྱིའི་གནས་བབ་ཟང་ཟིང་ཡིན་ལ། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ནུས་མི་འདང་བ་དང་། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱིས་ཡོངས་སུ་ཁེངས་ཡོད། དེ་དང་ཆབས་ཅིག  གོ་ལ་ཧྲིལ་པོའི་ཉོ་ཚོང་ལྡོག་ཕྱོགས་ཀྱི་ཁྲོད་ནས་འཕར་བ་མཐའ་འཁྱོངས་བྱས་ཡོད་ལ། གསར་དར་ལག་རྩལ་མགྱོགས་མྱུར་ངང་འགག་སྒྲོལ་བྱུང་སྟེ། འཛམ་གླིང་འཕེལ་རྒྱས་ཀྱི་གནས་སྟངས་ལ་ཤུགས་རྐྱེན་ཟབ་མོ་ཐེབས། སྒོ་འབྱེད་དང་བཀག་སྡོམ། མཉམ་ལས་དང་ཁ་ཕྲལ། འཕོ་འགྱུར་དང་རྙིང་ཞེན་གང་ཞིག་ཡིན་རུང་། འདི་ནི་ངེས་པར་དུ་ལན་འདེབས་དགོས་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་ཞིག་རེད། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་དེ་དཔལ་འབྱོར་གོ་ལ་ཅན་གྱི་རླབས་རྒྱུན་དང་བསྟུན་ནས་བྱུང་བ་དང་། འདིས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱིས་དུས་རབས་ཀྱི་དར་སྲོལ་ལ་སྣེ་ཁྲིད་པར་སྐུལ་འདེད་བཏང་། ད་ལོར་ཀྲུང་གོས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་གི་འགན་འཁུར་ཐེངས་གསུམ་པ་ཡིན་ལ།  ཕྱོགས་སོ་སོ་དང་མཉམ་དུ་ཡིད་ཆེས་བརྟན་པོ་དང་དཔའ་ངར་ཆེར་སྐྱེད་ཀྱིས་ལག་གདང་སྦྲེལ་ནས། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་མཐུན་ཚོགས་པ་བསྐྲུན་ཏེ། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཐུན་མོང་དར་རྒྱས་ལ་སྐུལ་སྤེལ་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་དེའི་ཐད་གྲོས་འགོ་ཁག་བཞི་བཏོན་ཡོད་དེ།

གཅིག་ནས་ཞི་བདེ་བརྟན་བརླིང་གི་སྤྱི་ཡོངས་ལ་སྲུང་སྐྱོང་བྱེད་དགོས། ཕྱི་ཕྱོགས་ཀྱི་གནས་བབ་ཅི་ཙམ་རྙོག་འཛིང་ཆེ་ན། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་དེ་ཙམ་གྱིས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་དགོས། དེ་ལྟར་གླེང་མོལ་དང་གྲོས་མོལ་ལ་བརྟེན་ནས་ཕྱོགས་འགལ་ཐག་གཅོད་བྱེད་དགོས་པ་དང་། མཐུན་སྒྲིལ་རོགས་ལས་ལ་བརྟེན་ནས་འགྲན་སློང་ལ་ཁ་གཏད་འཇལ་བ་རྒྱུན་འཁྱོངས་བྱས་ཏེ། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ཡུན་རིང་བདེ་འགོད་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས།

གཉིས་ནས་སྒོ་འབྱེད་མཉམ་ལས་ཀྱི་སྦྲེལ་ཟམ་འཛུགས་དགོས། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་དུ་འཛིན་པ་དང་། སྒྲིག་སྲོལ་རྨང་གཞིར་འཛིན་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་བློ་རྩ་བརྟན་པོས་སྲུང་སྐྱོང་བྱས་ཏེ། རང་མོས་སྒོ་འབྱེད་ཀྱི་ཉོ་ཚོང་དང་དངུལ་གཏོང་ལ་རྒྱབ་སྐྱོར་བྱས་ནས། གོ་ལ་ཧྲིལ་པོའི་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་བརྟན་བརླིང་ངང་ཤར་གཏོང་ཐུབ་པར་སྲུང་སྐྱོང་བྱེད་དགོས། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རང་མོས་ཉོ་ཚོང་ཁུལ་གྱི་འཕེལ་རིམ་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། ཕྱོགས་ཡོངས་ནས་ཕན་ཚུན་སྦྲེལ་མཐུད་ཀྱི་དྲ་རྒྱ་བསྐྲུན་ནས། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་བགྲོད་ལམ་དང་ཟམ་པ་བསྐྲུན་དགོས།

གསུམ་ནས་འཕར་སྣོན་གྱི་སྒུལ་ཤུགས་སྐུལ་སློང་དང་གསར་གཏོད་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་གྲོགས་པོའི་འབྲེལ་བ་ཅི་ནུས་ཀྱིས་འཛུགས་པ་དང་། གྲངས་འཛིན་དཔལ་འབྱོར་དང་མི་ཐབས་རིག་ནུས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་སྤེལ་བཏང་ནས། གསར་གཏོད་ཀྱི་དགེ་མཚན་དེ་རྒྱུན་ཆད་མེད་པར་འཕར་སྣོན་གྱི་སྒུལ་ནུས་སུ་བསྒྱུར་ནས། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་འཕར་བར་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས།

བཞི་ནས་གཉིས་ཕན་མཉམ་རྒྱལ་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས། ཉོ་ཚོང་དང་དངུལ་གཏོང་གི་བཀག་རྒྱ་མེད་པར་བཟོས་ནས། སྒོ་འབྱེད་ཅན་གྱི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་འཛུགས་སྐྲུན་བྱ་དགོས་པ་དང་།   ཀུན་ཕན་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ།  ལས་ཕྱོད་དང་དྲང་གཞག་ལ་ལྟ་རྟོག་བྱེད་དགོས།   མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་དཔལ་འབྱོར་ཚོགས་པ་སོ་སོ་དང་རིམ་གྲལ་མི་འདྲ་བ་དང་དེ་བཞིན་མི་ཚོགས་མི་འདྲ་བ་བཅས་ལ་ཕན་ཁེ་བསྐྲུན་དགོས། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་འཛམ་གླིང་སྟེང་གི་ཆེས་གལ་ཆེ་བའི་མཚོ་ཁུགས་ཁུལ་འདུས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་མཚོ་ཁུགས་ཁུལ་གྱི་དཔལ་འབྱོར་མཉམ་ལས་མནའ་འབྲེལ་འཛུགས་པར་རྒྱབ་སྐྱོར་དང་།  མཚོ་ཁུགས་ཁུལ་སོ་སོའི་བརྗེ་རེས་དང་འབྲེལ་འདྲིས་གཏིང་ཟབ་ཏུ་སྤེལ་ཏེ། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་ལ་འཕེལ་ཕྱོགས་གསར་པ་དང་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ནས། མཉེན་ཆ་དང་གསོན་ཤུགས་ཆེན་པོ་མངོན། དུས་ཚིགས་སྔོན་མ་གསུམ་གྱི་རིང་། ཀྲུང་གོའི་དཔལ་འབྱོར་འཕར་ཚད4.6%ལ་སླེབས་པ་དང་།  སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཇེ་མགྱོགས་སུ་ཕྱིན་ཅིང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་སྒྲིག་འཛུགས་བྱས་ནས།   ལྗང་མདོག་ཐཱན་ཉུང་གི་ཚུལ་སྒྱུར་བརྟན་བགྲོད་རྒྱང་འཁྱོལ་བྱུང་ཡོད།   ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ནི་རང་ངོས་འཕེལ་རྒྱས་ཀྱི་ཇུས་གཞི་ཡིན་པ་མ་ཟད། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོ་དང་ཐ་ན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་གོ་སྐབས་ཀྱི་གསལ་ཐོ་མཁོ་འདོན་བྱས་ཡོད་ལ། འདི་ནི་ཀྲུང་གོས་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་བཏོན་པའི་མཉམ་ལས་ཀྱི་ཆིངས་ཡིག་ཅིག་ཡིན།

ཀྲུང་གོས་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་གཞི་ཁྱོན་ཆེ་བའི་སྒོ་འབྱེད་ཁྲོམ་ར་མཁོ་འདོན་བྱ་རྒྱུ་ཡིན་ལ། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་ཆེ་གྲས་ཨང་གཉིས་པ་ཡིན། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཡོང་འབབ་འབྲིང་གྲས་ཚོགས་སྤྱི་ཡོད་པས།  དངུལ་གཏོང་དང་འཛད་སྤྱོད་ཀྱི་བག་ཤུགས་ཆེན་པོ་ལྡན།  ཀྲུང་གོས་སྒོ་འབྱེད་ཀྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བཞིན་པའི་སྒང་ཡིན་ལ།   སྤུས་ལེགས་ཐོན་རྫས་དང་ཞབས་ཞུ་ནང་འདྲེན་བྱེད་རྒྱ་ཆེ་རུ་བཏང་སྟེ།  སྣ་མང་ཅན་གྱི་དགོས་མཁོ་གསར་པ་རྒྱུན་ཆད་མེད་པར་ཐོན་ངེས་རེད། ཀྲུང་གོས“ཕྱིར་གཏོང་ཀྲུང་གོ”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་དུ་སྤེལ་ནས། རྒྱལ་ཁབ་སོ་སོའི་སྤུས་ལེགས་ཚོང་ཟོག་ཀྲུང་གོའི་ཁྲོམ་རར་ཞུགས་པའི་ནུས་ལྡན་བགྲོད་ལམ་གཏོད་རྒྱུ་ཡིན།

ཀྲུང་གོས་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་མདུན་ལམ་ཆེན་པོ་ལྡན་པའི་འཕེལ་རྒྱས་ཀྱི་བར་སྟོང་འདོན་སྤྲོད་བྱ་རྒྱུ་ཡིན་ཞིང་། སྒུལ་ཤུགས་གསར་གཏོད་དང་ལྗང་མདོག་ཚུལ་སྒྱུར་བྱ་རྒྱུ་ནི་ཀྲུང་གོའི་དཔལ་འབྱོར་གྱི་འགག་རྩའི་ཐ་སྙད་ཅིག་ཡིན། ཀྲུང་གོའི་གཞི་ཁྱོན་ཆེ་བའི་གསར་གཏོད་ཚོད་ལྟ་བྱ་ཡུལ་གྱིས་མདུན་གྲལ་གྱི་ལག་རྩལ་དེ་དངོས་ཡོད་རྣམ་པའི་ཁྲོད་ཞིབ་བཤེར་དང་ལེན་དང་། རིམ་འདས་ལེགས་སྒྱུར་བྱས་ནས།  རྒྱུན་ཆད་མེད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་སུ་བསྒྱུར། ཀྲུང་གོས་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་སྒོས་སྒྲིག་འཛུགས་བྱ་རྒྱུ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་གྱི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་། གསར་དར་ཐོན་ལས་འཕེལ་རྒྱས་རྒྱ་སྐྱེད་གཏོང་བ། མ་འོངས་ཐོན་ལས་ཀྱི་རྒྱང་ལྟའི་བཀོད་པ་བཅས་ལ་རྒྱབ་སྐྱོར་བྱས་ནས།  གོ་ལ་ཧྲིལ་པོའི་ཁེ་ལས་ཀྱི་ལག་རྩལ་གསར་གཏོད་དང་དར་རྒྱས་གོང་འཕེལ་ཡོང་བར་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱ་དགོས།

ཀྲུང་གོས་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་མཉམ་སྐུལ་མཉམ་སྐྱོད་ཀྱི་མཉམ་ལས་ཁོར་ཡུག་མཁོ་འདོན་བྱ་རྒྱུ་ཡིན། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱི་ཕོག་ཐུག་ལ་གདོང་གཏད་དེ། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་དངོས་ལག་བསྟར་བྱས་ནས། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་བརྟན་རླིང་རང་བཞིན་དང་ངེས་གཏན་རང་བཞིན་ཁ་སྣོན་བྱས་ཡོད།   རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་སོ་སོའི་བར་མཉམ་ལས་མཉམ་རྒྱལ་བྱེད་པའི་ཆོད་སེམས་ལ་འགྱུར་ལྡོག་གཏོང་མི་སྲིད་ལ། གོ་ལ་ཧྲིལ་པོའི་ཁེ་ལས་དག་གིས་ཀྲུང་གོར་དངུལ་གཏོང་དང་ལས་དར་བྱེད་པར་སྔར་བས་བརྟན་ཞིང་སྔོན་དཔག་ཐུབ་པའི་སྤུས་ལེགས་ཁོར་ཡུག་མཁོ་འདོན་བྱ་རྒྱུ་ཡིན།  

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།   ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ནི་ང་ཚོ་ཐུན་མོང་འཕེལ་རྒྱས་སུ་འགྲོ་བའི་གནས་ཤིག་ཡིན་ལ། དཔུང་པ་མཉམ་གཤིབ་ཀྱིས་མཉམ་ལས་བྱེད་པའི་ལས་སྟེགས་ཤིག་ཀྱང་ཡིན། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་བཟོ་ཚོང་ལས་རིགས་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་རླབས་གཤགས་མཁན་ཡིན་པས།  ཚང་མས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་གྱི་འཛུགས་སྐྲུན་ནང་མུ་མཐུད་དུ་ཧུར་ཐག་གིས་ཞུགས་ཏེ།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཡོད།

ཞི་ཅིན་ཕིང་གིས་མཇུག་མཐར་གསུངས་དོན། ང་ཚོས་ལག་གདང་མཉམ་སྦྲེལ་སྒོས་སྒོ་འབྱེད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། གསར་གཏོད་ལ་བརྟེན་ནས་འཕར་སྣོན་གྱི་སྟོབས་ཤུགས་གཅིག་སྡུད།   མཉམ་ལས་ལ་བརྟེན་ནས་མཉམ་སྤྱོད་ཀྱི་བདེ་སྐྱིད་དོན་གཉེར་བྱས་ཏེ།  ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་དང་།  ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འོད་སྟོང་འཕྲོ་བའི་མ་འོངས་པ་མཉམ་དུ་བསྐྲུན་དགོས།

ཀྲི་ལིའི་སྲིད་འཛིན་ཁཱ་སི་ཐེ་དང་། མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་སོགས་རྩེ་ཚོགས་ལ་ཞུགས།     ཚའེ་ཆི་དང་། ཝང་དབྱི། ཧི་ལེ་ཧྥིན། ཧོང་ཁོན་མུན། ཝང་ཞའོ་ཧུང་སོགས་ཚོགས་འདུར་ཞུགས།