ལུའོ་ཏུང་ཁྲོན་དང་ཀྲུའུ་ཀི་ཡུས་ཅེ་ཡིས་ཀྲུང་གོ་སྦྲག་སྲིད་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ལིའུ་ཨེ་ལི་ལ་ཐུག་འཕྲད་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ11པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཀྲུའུ་ཀི་ཡུས་ཅེ་གཉིས་ཀྱིས་ཟི་ལིང་དུ་ཀྲུང་གོ་སྦྲག་སྲིད་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་ཙུའུ་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ལིའུ་ཨེ་ལི་སོགས་ལ་ཐུག་འཕྲད་བྱས་ཏེ། ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་སྦྲག་སྲིད་སྡེ་ཚོགས་ཀྱིས་སྐོར་ཐེངས་གསར་པའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་ཡིག་ལ་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་བྱས།

ལུའོ་ཏུང་ཁྲོན་དང་ཀྲུའུ་ཀི་ཡུས་ཅེ་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ལིའུ་ཨེ་ལི་སོགས་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཀྲུང་གོ་སྦྲག་སྲིད་སྡེ་ཚོགས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་གྱི་འཕེལ་རྒྱས་ཐད་དོ་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། མཚོ་སྔོན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་བསྐྲུན་ཞིང་། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་ཀྲུང་དབྱང་དང་ས་གནས་ཀྱི་མཉམ་ལས་ཟབ་སྤེལ་ཐད་བར་སྟོང་ཆེན་པོ་འདོན་སྤྲོད་བྱས། ཕྱོགས་གཉིས་ཀས་མཉམ་ལས་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ལེན་པའི་རྨང་གཞིའི་སྟེང་། ཐེངས་འདིའི་གྲོས་ཡིག་ལ་མིང་རྟགས་འགོད་པ་འགོ་རྩོམ་ས་གསར་པར་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་གཙོ་གནད་ལས་འགན་ལ་ཞབས་འདེགས་ཞུ་བར་དམིགས་པ་དང་། སྦྲག་སྲིད་ཐོན་ཁུངས་ཀྱི་དགེ་མཚན་དང་མཚོ་སྔོན་གྱི་འཕེལ་རྒྱས་དགོས་མཁོར་ཟུང་འབྲེལ་ཟབ་མོ་བྱས་ཏེ། སྦྲག་སྲིད་དང་རིག་གནས་ཡུལ་སྐོར། འཛད་སྤྱོད་བཅས་མཉམ་འདྲེས་ཀྱི་ཡུལ་རྣམ་གསར་པ་དང་ལས་རྣམ་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། དག་གཙང་མཚོ་སྔོན་གྱི་མཐོ་སྒང་ལེགས་རྫས་སྔར་ལས་མང་པོ་མགྱོགས་མྱུར་ངང་རྒྱལ་ཡོངས་སུ་འདྲེན་པར་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་སྲུང་། ལྗང་མདོག་རྩིས་ནུས། ཁྱད་ལྡན་ཐོན་ལས་སོགས་ལ་དམིགས་ནས་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། ཞིང་སྡེ་དང་འབྲོག་ཁུལ་གྱི་དངོས་རྒྱུག་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ནས།  གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་རོགས་ཤུགས་འདོན་པ་དང་། ལག་གདང་སྦྲེལ་ནས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པའི་རེ་བ་བཅངས་ཡོད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་བཞིན་སྦྲག་སྲིད་བྱ་གཞག་དེ་མཚོ་སྔོན་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་མཐུན་རྐྱེན་བསྐྲུན་རྒྱུ་ཡིན།

ལིའུ་ཨེ་ལི་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོ་སྦྲག་སྲིད་སྡེ་ཚོགས་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་ཞིང་ཐོན་ཁུངས་ཀྱི་དགེ་མཚན་འབུར་དུ་ཐོན་པ་དང་། འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་པའི་ཕྱིར། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་སྔར་ལས་ལག་བསྟར་གང་ལེགས་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མཚོ་སྔོན་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་དམ་ཟབ་བྱས་ཏེ། སྦྲག་སྲིད་ཀྱི་ཚོང་ཟོག་འཁོར་རྒྱུག་དང་དངོས་ཟོག་འཁོར་རྒྱུག མ་དངུལ་འཁོར་རྒྱུག ཆ་འཕྲིན་བརྒྱུད་སྤྲོད་བཅས་གཅིག་བསྡུས་ཀྱི་ཐོན་ཁུངས་དགེ་མཚན་འདོན་སྤེལ་ལེགས་པོ་བྱེད་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་འཁོར་རྒྱུག་གི་གཞི་ཁྱོན་བསྟུད་མར་རྒྱ་བསྐྱེད་དེ། རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་དངོས་ཟོག་འཁོར་རྒྱུག་མ་ལག་འཐུས་ཚང་དུ་གཏོང་བ་དང་། རོང་འབྲོག་ས་ཁུལ་གྱི་སྤྱིར་བཏང་ཞབས་ཞུའི་ནུས་པ་ཇེ་མཐོར་བཏང་སྟེ། ལྗང་མདོག་དངོས་ཟོག་འཁོར་རྒྱུག་དང་གྲངས་རིག་ཅན་གྱི་ཚུལ་སྒྱུར་མཉམ་ལས་ཟབ་སྤེལ་བྱེད་པ་དང་། མཚོ་སྔོན་གྱི་དངུལ་རྩའི་ཞབས་ཞུའི་ཁྱབ་ཚད་དང་ཟབ་ཚད་ཆེ་རུ་བཏང་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྦྲག་སྲིད་ཀྱི་ནུས་པ་སྔར་ལས་ཆེ་བ་འབུལ་རྒྱུ་ཡིན།

ཧྲིན་ཀྲང་གཞོན་པ་ཁྲིན་ཅི་ཝེ་དང་ཀྲུང་གོ་སྦྲག་སྲིད་སྡེ་ཚོགས་ཀྱི་སྤྱི་གཉེར་པ་གཞོན་པ་ཆུས་ཡོན་ཧའེ་ཡིས་ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་གོ་སྦྲག་སྲིད་སྡེ་ཚོགས་ཚད་ཡོད་ཀུང་སིའི2026ལོ་ནས2030ལོའི་བར་གྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་ཡིག》ལ་མིང་རྟགས་བཀོད།

ལྷ་མོ་འཚོས་བསྒྱུར།