
མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་མ་ཚོགས་པའི་སྔོན་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་།《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི〈ཀྲུང་གུང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཆོད་དོན〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བསམ་འཆར》ཐད་ནས་དམངས་གཙོའི་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་ཁ་ཤས། དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཁ་ཤས། གཞི་རིམ་གྱི་ལས་ཡུལ་དང་པོའི་ཏང་རྩ་འཛུགས་དང་ཏང་ཡོན་གྱི་འཐུས་མི། ལས་ཞུགས་གསར་པའི་ཚོགས་སྤྱིའི་ཏང་ཡོན་གྱི་འཐུས་མི། སྤྱི་ཚོགས་ཚན་རིག་གཞུང་ལུགས་དང་ཏང་འཛུགས་སྐྱོང་ཞིབ་འཇུག་ཁྱབ་ཁོངས་ཀྱི་འཐུས་མི། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པའི་འཐུས་མི་སོགས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཀྲུའུ་ཀི་ཡུས་ཅེ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥུན་ཁྲོན། ཞིང་ཆེན་གྱི་འགོ་ཁྲིད་ལིའུ་མའེ་ཕིང་དང་། ཀྲུའུ་ཞང་ཧྥེང་། ཚའོ་ཅོན། ལིའུ་ཐུང་ཏི། ཝང་ཞོན་བཅས་ཚོགས་འདུར་ཞུགས།
【གཞན་གཟུགས།】བཞུགས་མོལ་ཚོགས་འདུའི་ཐོག ཡུས་ཧྲུའུ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་མཱ་རུའེ་དང་། མགོ་ལོག་ཁུལ་དར་ལག་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཝང་ཀྲི་ཅང་། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་ཝུའུ་ཧྲི་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ལི་ཝེ། ཟི་ལིང་གྲོང་ཁྱེར་ཝུན་ཐིང་སྲང་ལམ་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལི་ཀུང་ཡོན། ཀྲུང་གོའི་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལིའུ་ཐུང་ཏི། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་འགོ་གཙོ་གཞོན་པ་ཨོ་ཁྲུང་རུང་། མཚོ་ནུབ་ཁུལ་སྒྲིག་ཨུའི་ཧྲུའུ་ཅི། ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་རིན་ལེའང་། མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཏང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧྥུ་ཅན་གོ ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི། ཀྲུང་གོ་སྦྲག་སྲིད་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་ཡན་ལག་ཀུང་སིའི་ཞང་གི་སྦྲག་སྲིད་སྐྱེལ་མཁན་ཀི་ཅུན། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི་མཱ་ཐེན་ཧྲན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་མཱ་ཧུང་པོ་སོགས་ཀྱིས་གཏམ་བཤད། ཚང་མས་བསྟན་དོན། ཞིང་ཆེན་ཏང་ཨུས་ཚང་འཛོམས་གྲོས་ཚོགས་འཚོག་རྒྱུའི་གྲ་སྒྲིག་བྱེད་པ་དང《བསམ་འཆར》གཏན་ལ་ཕབ་ནས་བཏོན་ཡོད་ལ། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་གི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཏང་ཨུའི་ཚད་མཐོའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་འགན་འཁྲི་འཁུར་སེམས་ཆེན་པོ་གང་ལེགས་སྒོས་མཚོན་ཡོད། མཚོ་སྔོན་ཞིང་ཆེན་གྱི《བསམ་འཆར》ལ་རྦད་དེ་མོས་མཐུན་ཡོད།
ལུའོ་ཏུང་ཁྲོན་གྱིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི《བསམ་འཆར》ནི་ཏང་ཀྲུང་དབྱང་གི《ཆོད་དོན》ནང་བཀོད་སྒྲིག་བྱས་པའི་མཚོ་སྔོན་དུ་ཕན་འབྲས་ཐོན་པར་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་ཞིང་། ཚང་མས་ལྟེ་བའི་སྤྱི་ཡོངས་ལ་དམིགས་པ་དང་། རང་རང་གི་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ཏེ་དགེ་མཚན་འདོན་སྤེལ་བྱས་ལ། རིན་ཐང་ལྡན་པ་དང་མཐོང་རྒྱ་ཆེ་བའི་བསམ་འཆར་དང་གྲོས་གཞི་བཏོན་ཡོད་པས། ང་ཚོས་ནན་ཏན་གྱིས་ཞིབ་འཇུག་དང་བསྡུ་ལེན་བྱེད་དགོས་པ་དང་། འབྲེལ་ཡོད་ཡིག་ཆ་དང་བྱ་བ་དངོས་ཀྱི་ནང་དངོས་སུ་མཚོན་པར་བྱེད་དགོས།
ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ནས། ཕྱོགས་ཡོངས་ནས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་ནན་སྐྱོང་བྱ་རྒྱུ་དེ་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། ཏང་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཕན་འབྲས་དེ་ལས་སྒྲུབ་ལས་སྐྲུན་གྱི་ནང་གནས་སྒུལ་ཤུགས་སུ་བསྒྱུར་དགོས་ལ། ལོ་འཁོར་གྱི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱས་ཏེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་མུ་མཐུད་དུ་ཞིང་ཆེན་ཏང་ཨུའི་ཇུས་འདོན་པ་བཟང་པོ་དང་ལས་རོགས་བཟང་པོ། ལས་གྲོགས་བཟང་པོ་བཅས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
ཤ་བོ་རིན་མཚོས་བསྒྱུར།