ཀྲུའུ་ཀི་ཡུས་ཅེ་ཡིས་ཧྲན་ཏུང་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས།
ཁུངས། ཀློག་གྲངས།

ཟླ11པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཀྲུའུ་ཀི་ཡུས་ཅེ་ཡིས་ཟི་ལིང་དུ་ཧྲན་ཏུང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཧའེ་པོ་ཡིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས།

ཀྲུའུ་ཀི་ཡུས་ཅེ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲང་ཧའེ་པོ་འཁོར་དང་བཅས་པར་དགའ་བསུ་ཞུས་པ་དང་། ཧྲན་ཏུང་གིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་ཐེངས་གསུམ་ལ་རྟོག་ཞིབ་གནང་བར་ཕེབས་པ་དང་། རྒྱལ་ཡོངས་དམངས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཐེངས་གཉིས་ལ་ཞུགས་ནས་མཚོ་སྔོན་གྱི་འཕེལ་རྒྱས་ལ་བརྗིད་ཆེའི་འཆར་གཞི་བཀོད། ང་ཚོས“དགེ་མཚན་ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་དང“སྔར་ལས་གལ་འགངས་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་གཞི་ཚུགས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས“གནས་བཞི”འཛུགས་སྐྲུན་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བླངས། ཁ་གཏད་རོགས་སྐྱོར་ནི་ཏང་ཀྲུང་དབྱང་གིས་ས་ཁོངས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བར་དམིགས་ནས་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། དེ་ནི་ཏང་གི་ཆབ་སྲིད་ཀྱི་དགེ་མཚན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་མཚོན་པ་ཞིག་རེད། ཕྱོགས་གཉིས་ཀྱིས་ཚྭ་མཚོའི་ཐོན་ཁུངས་དང་གཙང་དག་ནུས་ཁུངས། ལྗང་མདོག་རྩིས་ནུས། སྒྲིག་ཆས་བཟོ་སྐྲུན། དམངས་འཚོ་ལེགས་སྒྱུར། རིག་གནས་ཡུལ་སྐོར་དང་ཞིང་ཕྱུགས་སོགས་ཀྱི་ཐད་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་བར་ནུས་པ་བསྩལ་ནས། ཁ་གཏད་རོགས་སྐྱོར་གྱི་བྱ་བ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བའི་རེ་བ་ཡོད།

ཀྲང་ཧའེ་པོ་ཡིས་བསྟན་དོན། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཧྲན་ཏུང་ལ་གནང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་ལ། མཚོ་སྔོན་གྱི་དགོས་མཁོ་དང་ཧྲན་ཏུང་གི་ནུས་པར་རྐང་ཚུགས་ཏེ། ཁ་གཏད་རོགས་སྐྱོར་གྱི་བྱ་བར་སྐུལ་འདེད་ཏན་ཏིག་བཏང་ནས། ཐོན་ལས་མཉམ་ལས་དང་དམངས་འཚོའི་རོགས་སྐྱོར་སོགས་ཀྱི་ཁྱབ་ཁོངས་སོ་སོའི་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ལག་གདང་སྦྲེལ་ནས་རྨ་ཆུའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ས་གནས་གཉིས་ཀྱི་མཉམ་ལས་མཉམ་རྒྱལ་གྱི་ལེའུ་གསར་པ་མཉམ་དུ་རྩོམ་རྒྱུ་ཡིན། 

ཀྲང་ཅིན་ཀང་ཐུག་འཕྲད་ལ་ཞུགས།