

ཟླ11པའི་ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕིང་ལི་ཡོན་གྱིས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པར་ཞུགས་པའི་དཔལ་འབྱོར་ཚོགས་པའི་འགོ་ཁྲིད་པ་དང་ཡང་ན་འཐུས་མིའི་བཟའ་ཟླ་དང་མཉམ་དུ་ཧྲེན་ཀྲིན་མཚོ་ཁུགས་རིག་གནས་ཐང་ཆེན་དུ་ཐུན་མོང་གི་བྱེད་སྒོ་སྤེལ།

བྱིས་པ་ཚོས་དགའ་སྤྲོའི་ངང་སེང་གེའི་ཞལ་འབག་གྱོན་པའི་རོལ་རྩེད་དང་དབྱིན་ཇིའི་གླུ་གར་ལ་བརྟེན་ནས་སྐུ་མགྲོན་ཚོ་ཕེབས་པར་དགའ་བསུ་ཞུས། ཕིང་ལི་ཡོན་གྱིས་སྐུ་མགྲོན་རྣམས་གདན་དྲངས་ནས“ལིང་ནན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་གསར་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་འགྲེམ་སྟོན་ལ་གཟིགས་ཞིབ་གནང་། ཚང་མ་དགའ་སྤྲོ་རབ་ཏུ་འཕེལ་ཞིང་། སྤུས་ལེགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་བཟོ་རྩལ་ཐོན་རྫས་ལ་གཟིགས་པ་དང་། ཕིང་ལི་ཡོན་གྱིས་སྐུ་མགྲོན་ཚོ་དང་བརྩེ་བའི་ངང་བསམ་བློ་བརྗེ་རེས་གནང་ནས། ལིང་ནན་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཡན་ལག་གལ་ཆེན་ཞིག་ཡིན་ལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་བློ་གྲོས་མངོན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་རིག་གནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་འདོད་ཡོད་པ་བསྟན། སྐུ་མགྲོན་ཚོས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་ཡུན་རིང་ལོ་རྒྱུས་དང་ནང་དོན་ཟབ་མོར་བསྔགས་བརྗོད་ཡང་ཡང་བྱས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་གྲུབ་འབྲས་ལ་ཡིད་སྨོན་ཆེན་པོ་བྱེད་བཞིན་ཡོད་ལ། ཀྲུང་གོའི་ཕྱོགས་དང་སྤེལ་རེས་མཉམ་ལས་གཏིང་ཟབ་བྱེད་པར་རེ་སྒུག་བྱེད་ཀྱིན་ཡོད་པ་བསྟན། ཕིང་ལི་ཡོན་གྱིས་སྐུ་མགྲོན་ཚོ་དང་མཉམ་དུ་ལིང་ནན་གྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འགྲེམ་སྟོན་ལ་གཟིགས་པ་མ་ཟད། གཞི་གྲངས་ཅན་གྱི་རྐང་འཁོར་བཞོན་པའི་ཁྲོམ་གཞུང་གི་ཡུལ་ལྗོངས་ཉམས་ལེན་བྱས།


ལྟ་སྐོར་མཇུག་སྒྲིལ་སྐབས། ཕིང་ལི་ཡོན་གྱིས་སྐུ་མགྲོན་ཚོ་དང་མཉམ་དུ་དྲན་རྟེན་ལྷན་པར་བསྐྱོན་པ་མ་ཟད་བརྩེ་བའི་ངང་ཞལ་གྱེས་གནང་།