རོགས་སྐྱོར་བྱེད་མཚམས་མི་འཇོག་པ་དང་བདེ་སྐྱིད་སྐྲུན་པར་རྗེས་ལུས་ཐེབས་མི་རུང་།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱ་རྒྱུ་དེ་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ནང་བཅུག་སྟེ། སྤྱི་འདོམས་ལག་བསྟར་བྱས་ནས། གཞི་ཁྱོན་རང་བཞིན་གྱིས་ཡང་བསྐྱར་དབུལ་པོར་མི་ལོག་པར་བྱེད་པའི་ཚད་མཐའ་བརྟན་པོ་སྲུང་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་བ་འགོ་རྩོམ་པའི་ལོར། རང་རྒྱལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དུས་རིམ་གསར་པར་སླེབས་ཡོད། རོགས་སྐྱོར་བྱེད་ཐབས་སོ་སོ་མུ་མཐུད་དོན་འཁྱོལ་བྱས་ནས། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་བགྲོད་ལམ་སྟེང་གཅིག་ཀྱང་རྗེས་ལུས་མི་ཐེབས་པར་འགན་ལེན་བྱེད་དགོས།

རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་པའི་ལོ་དང་པོར། དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་བརྟན་པོ་ཡོང་ཐུབ་བམ། རོགས་སྐྱོར་ཐོན་ལས་ཡུན་རིང་གནས་ཐུབ་མིན། གནད་དོན་དེ་དག་ལ་དམིགས་ནས་གསར་འགོད་པ་དེ་སྔའི་རྒྱལ་ཁབ་རིམ་པའི་དབུལ་སྐྱོར་རྫོང་སྟེ་ཀུའེ་ཀྲོའུ་སུང་ཐའོ་མེའོ་རིགས་རང་སྐྱོང་རྫོང་དུ་བསྐྱོད། ས་དེའི་རོགས་སྐྱོར་ཐོན་ལས་ཏེ་རྩེད་ཆས་ཐོན་ལས་ད་ལོ་ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཐོན་ལས་ཁྱུ་ཚོགས13གྱི་གྲས་སུ་རིམ་སྤོར་བྱས། ཁུལ་ལྡན་རྩེད་ཆས་ཀྱི་ཐོན་སྐྱེད་བརྒྱུད་རིམ་ལ་བཅར་འདྲི་བྱེད་སྐབས། གསར་འགོད་པས་རྫོང་དེ་ཡོངས་ཀྱི་ཞང་དང་གྲོང་རྡལ15དང་། ཡན་ལག་བཟོ་གྲྭ20ཡི་སྡེ་བ་རིམ་པའི་ལས་ཁང་ཁག་ཅིག་བཅས་ཆ་ཚང་བའི་ཐོན་ལས་སྦྲེལ་ཐག་གིས་སྦྲེལ་བཞིན་ཡོད་པ་མཐོང་བྱུང་། ཀྲེང་ཏ་གྲོང་རྡལ་གྱིས་ཆེད་དུ་སྤོ་དཔར་ཚོན་རྩི་གཏོང་བ་དང་། ཝུའུ་ལའོ་གྲོང་རྡལ་གྱིས་ཁུལ་ལྡན་རྩེད་ཆས་བཟོ་བ། མོང་ཞིས་གྲོང་རྡལ་གྱིས་གཙོ་གནད་སྒོས་སྒྲིག་སྦྱོར་བྱེད་ཀྱིན་ཡོད། ཁ་ཐོར་འཁོར་ཁང་ནས་ལྷུ་ལག་ཆ་ཚང་མཐུན་སྦྱོར་ངང་ལས་པའི་བར་དབུལ་ཐར་མང་ཚོགས་ཀྱི་ལས་ཞུགས་གདམ་ག་སྔར་ལས་ཇེ་མང་དུ་ཕྱིན་པ་དང་། ལས་ཀ་བྱེད་སྟངས་ཀྱང་སྔར་ལས་གང་ལ་དེ་འཚམ་ཅན་དུ་གྱུར་ཡོད།

ཀུའེ་ཀྲོའུ་སུང་ཐའོ་མོང་ཞིས་གྲོང་རྡལ་སྡེ་སྟོབས་དམངས་ཕྱུག་བཟོ་ཁང་སྒྲིག་སྦྱོར་འཁོར་ཁང་གི་འགན་འཁུར་བ་ཀྲང་ཞུའེ་ཧུང་གིས་བཤད་རྒྱུར།  སྔོན་ཆད་ང་ཚོས་ལས་ཀའི་མངགས་ཐོ་ཆུང་བ་རྣམས་ལེན་ཐུབ་ནའང་ལས་ཀའི་མངགས་ཐོ་ཆེ་བ་རྣམས་ལེན་ཕོད་ཀྱི་མེད། དེང་སྐབས་རྫོང་གིས་གཅིག་གྱུར་ངང་ལས་ཀའི་མངགས་ཐོ་ཆེ་བ་བླངས་ཏེ།  གོ་རིམ་ལྟར་དུ་ཞང་དང་གྲོང་རྡལ་སོ་སོར་བགོས་ནས་ཚང་མས་མཉམ་དུ་སྒྲུབ་ཀྱིན་ཡོད་ཟེར།

“རང་སོ་སོས་མངགས་ཐོ་ཆུང་ངུ་ལེན་པ”ནས“མངགས་ཐོ་ཆེན་པོ་མཐུན་སྦྱོང་ངང་སྒྲུབ་པའི”བར་དུ། ད་ལོའི་སུང་ཐའོ་ཡི་འགྱུར་ལྡོག་ནི་ངོ་བོའི་ཐོག་ནས་བཤད་ན་ཐོན་ལས་སྒྲིག་འཛུགས་བྱེད་སྟངས་ཀྱི་འགྱུར་ལྡོག་ཅིག་རེད། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ནི་ཐབ་ཀ་ལོགས་སུ་འཛུགས་པ་ཞིག་མིན་པར། དེ་སྔའི་གླིང་ཁུལ་དང་འཁོར་ཁང་། བཟོ་ཁང་བཅས་བསྐྱར་དུ་རྩ་འཛུགས་བྱས་ཏེ། ཞིབ་འཇུག་གསར་སྤེལ་དང་སྤུས་ཚད་ཞིབ་བཤེར་སོགས་ཀྱི་ཉམས་ཞན་ལས་རིམ་ཁ་གསབ་བྱས་ནས། དབུལ་ཐར་ས་ཁུལ་གྱི་ཐོན་ལས་ཀྱིས་ཁྲོམ་ར་སྔར་ལས་བརྟན་པོའི་ངང་འབྲེལ་མཐུད་ཐུབ་པར་བྱ་རྒྱུ་དེ་རེད།

དབུལ་ཐར་རྫོང་ཞིག་གི་ཐོན་ལས་ལ་འགྱུར་ལྡོག་བྱུང་བའི་རྒྱབ་རོལ་དུ། དབུལ་ཐར་མཁྲེགས་གཏོར་ནས་རྒྱུན་རྣམ་ཅན་རོགས་སྐྱོར་གྱི་ལམ་ལུགས་རྒྱུན་མཐུད་བྱས་ཡོད།

ཐའེ་ཧང་རི་ཁུལ་གྱི་ཧོ་པེ་ཧྥུའུ་ཕིང་ནས་ཀན་སུའུ་ཏིང་ཞིས་བར་དང་། ཡང་ན“རི་བོས་བར་བཅད་ཡོད་པས་ཉིན་གཅིག་ལ་འགྲོ་དགོས་པའི”ཏ་ལེའང་རི་བོའི་བར་བཅས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་གནང་བ་དང་སྐུ་ངོ་མས་གཡུལ་ངོར་ཆས་པ། སྐུ་ངོ་མས་དམག་འཐབ་ལ་ལྟ་སྐུལ་བཅས་གནང་ནས། ལོ་བརྒྱད་ཀྱི་རིང་མཁྲེགས་གཏོར་དཀའ་སེལ་བྱས་པར་བརྟེན། ཀྲུང་གོས་ལོ་རྒྱུས་རང་བཞིན་གྱི་དབུལ་པོའི་གནད་དོན་ཐག་གཅོད་ཐུབ་ཡོད།

དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབུལ་ཞྭ་ཕུད་རྒྱུ་དེ་མཐའ་མའི་བྱ་བ་མིན་པར་འཚོ་བ་གསར་པ་དང་འབད་འཐབ་ཀྱི་འགོ་རྩོམ་ས་གསར་པ་ཡིན”ཞེས་གསུངས་ཤིང་། ཁོང་གིས་དབུལ་ཐར་རྫོང་ལ་རོགས་སྐྱོར་གང་ལེགས་བྱས་ནས་བར་བརྒལ་དུས་སྐབས་བཙུགས་ཏེ། རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱེད་དགོས་པ་ནན་བཤད་གནང་།

ལོ་ངོ5ཡི་བར་བརྒལ་དུས་ཚོད་མཇུག་བསྒྲིལ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་སླར་ཡང་ལམ་ལུགས་གལ་ཆེན་བཀོད་སྒྲིག་བྱས་ནས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དེ་གྲོང་གསེབ་དར་སྤེལ་འཐབ་ཇུས་ནང་བཅུག་སྟེ་གཅིག་གྱུར་ལག་བསྟར་བྱེད་པ་དང་།རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། ནོར་སྲིད་དངུལ་གཏོང་དང་དངུལ་རྩའི་རྒྱབ་སྐྱོར། ཐོན་ཁུངས་རྒྱུ་རྐྱེན་བཀོད་སྒྲིག་སོགས་ཐད་ཀྱི་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཞིང་ལས་གྲོང་གསེབ་པུའུ་རོགས་སྐྱོར་སི་ཡི་སི་ཀྲང་ཞུས་ཅན་མིན་གྱིས་བཤད་རྒྱུར། ལོ་ངོ8ཀྱི་དབུལ་ཐར་མཁྲེགས་གཏོར་དང་ལོ་ངོ5ཡིསྦྲེལ་མཐུད་བར་བརྒལ་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་ཟབ་བཞེས་གནང་ནས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཡོད། དུས་རིམ་གསུམ་པོ་དེ་ནི་གཅིག་རྒྱུན་གཅིག་གིས་མཐུད་ནས་བྱུང་བ་ཞིག་ཡིན། ང་ཚོས་ཚད་མཐའ་སྲུང་དགོས་ལ་བློ་སྟོབས་བསྐྱེད་ནས་མི་དམངས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་དགོས་ལ། འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཟེར།

བར་བརྒལ་དུས་སྐབས་མཇུག་བསྒྲིལ་རྗེས། བསྐྱར་དུ་དབུལ་པོར་ཆགས་རྒྱུ་སྔོན་འགོག་བྱེད་པའི་ཚད་མཐའ་ཇི་ལྟར་བྱས་ནས་སྔར་ལས་ཇེ་བརྟན་དུ་གཏོང་དགོས་སམ། ད་ལོ་སླར་ཡང་དབུལ་པོར་ཆགས་རྒྱུ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་དང་གྲོང་གསེབ་ཀྱི་མི་འབོར་ཡོངས་ལ་རྒྱ་བསྐྱེད་བཏང་ཡོད། རོགས་སྐྱོར་བརྒྱུད་རིམ་དེའང“དབྱེ་འབྱེད་དང་རོགས་སྐྱོར། ཕྱིར་འབུད”བཅས་ཕྱོགས་གསུམ་གྱི་དོ་དམ་ནས“ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་གཏོང་བ། དབྱེ་འབྱེད་གཏན་འཁེལ། གནད་ཁེལ་རོགས་སྐྱོར། ཕྱིར་འབུད་ཚད་ལྡན། རྩད་གཅོད་གདེང་འཇོག”བཅས་ཕྱོགས་གསུམ་གྱི་ཁ་ཟུམ(འགུལ་རིས)དུ་རིམ་སྤོར་བྱས་ཡོད།

ད་ལོ་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན22ཀྱིས“མཐེབ་གཅིག་རེ་ཞུའི”ཞབས་ཞུ་ཁྱོན་ཡོངས་ནས་སྤེལ་བ་དང་། གནོད་འཚེ་སོགས་ཀྱི་རྐྱེན་གྱིས་གློ་བུར་དུ་དབུལ་པོ་བསྐྱར་ལོག་གི་ཉེན་ཁ་ཐོན་པའི་ཞིང་ཁྱིམ་ལ།“གེགས་མེད་བགྲོད་ལམ”བརྒྱུད་དེ་སྔོན་ལ་རོགས་སྐྱོར་བྱེད་པ་དང་དེའི་རྗེས་ཁས་ལེན་གྱི་གོ་རིམ་ཁ་གསབ་བྱེད་ཆོག ཟླ8པའི་ཟླ་མཇུག་བར་དུ། ད་ལོ་ནས་བཟུང་རྒྱལ་ཡོངས་ཀྱིས་གསར་དུ་ངོས་འཛིན་བྱས་པའི་དབུལ་པོ་བསྐྱར་ལོག་སྔོན་འགོག་བྱ་ཡུལ་མི་འབུམ་བདུན་དང་ཁྲི་གསུམ་སྟོང་དགུ་ཚང་མར་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱས་ཡོད།

ཚད་མཐའ་སྲུང་ཐུབ་ཡོད་པས། ཐོན་ལས་ཀྱིས་ཇི་ལྟར་བྱས་ན་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་ཐུབ་པ་ཡིན་ནམ། ད་ལོ་ཀྲུང་དབྱང་གི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་མ་དངུལ་ཐོན་ལས་ལ་སྤྱོད་པའི་བསྡུར་ཚད60%ཡན་རྒྱུན་འཁྱོངས་ཐུབ་ཡོད་ཅིང་། རྒྱལ་ཡོངས་ཀྱི་རོགས་སྐྱོར་ཐོན་ལས་ལས་གཞི་འབུམ་བདུན་དང་ཁྲི་གཅིག་སྟོང་བདུན་རིགས་བཀར་ལེགས་གྲུབ་བྱུང་བ་དེའི་ནང་། སྲ་བརྟན་དང་རིམ་སྤོར་རིགས་ཀྱི་ལས་གཞིས90.8%ཟིན་ཡོད། ཐོན་ལས་རོགས་སྐྱོར་གྱི་ཤུགས་རྒྱག་སའི་ཕྱོགས་དེ། འབྲེལ་མཐུད་ཁ་གསབ་དང་སྐུལ་ཁྲིད་ཤུགས་ཆེན། ཕན་འབྲས་ཆེ་རུ་གཏོང་བ་བཅས་ཀྱི་ཕྱོགས་སུ་སྔར་ལས་མང་པོ་སྒྱུར་བཞིན་ཡོད།

ཐོན་ལས་མུ་ཕྲེང་སྟོབས་ལྡན་དུ་སོང་ན་མིའི་ནུས་པ་ཇི་ལྟར་དེའི་རྗེས་ཆོད་དགོས་སམ། ད་ལོར། ལས་ཞུགས་རོགས་སྐྱོར་གྱི་ཐད་ནས་ཀྱང་བྱ་བ་ཡོད་མེད་ཐག་གཅོད་བྱེད་པ་ནས་བྱ་བ་གཏན་འཇགས་ཡིན་མིན་དང་རྩལ་ནུས་བཟང་མི་བཟང་གི་ཕྱོགས་སུ་འགྱུར་བཞིན་ཡོད། དེ་སྔར་ཞིང་ཆེན་ཡོངས་ཀྱི་དབུལ་ནག་རྫོང་ཡིན་པའི་ཨན་ཧུའེ་ཝང་ཅང་དུ། བཞི་ཆའི་གཅིག་ཙམ་གྱི་མི་འབོར་གྱིས་འཁལ་འཐག་གྱོན་ཆས་ལས་རིགས་གཉེར་གྱི་ཡོད། ས་གནས་ཀྱིས་མངགས་ཐོ་རྣམ་པའི་གསོ་སྦྱོང་དང་ལས་གནས་གཏན་ཁེལ་རྣམ་པའི་གསོ་སྦྱོང་སྤེལ་ནས་གསོ་སྦྱོང་སྔར་ལས་ཞིབ་ཚགས་སུ་བཏང་པར་མ་ཟད། ལས་གནས་སུ་མ་ཞུགས་གོང་མི་རེར་སྒོར800ཡི་ཁ་གསབ་དང་ལས་གནས་གོང་འཕར་བྱུང་ན་སྒོར2000ཡི་ཁ་གསབ་ཡོད།  ཝང་ཅང་ཐགས་མ་ཞེས་པའི་སློབ་ཁང་དུ། དེ་སྔར་ཕྱིར་འགྲོ་བར་དོགས་པ་ཡོད་པའི་ཞིང་པས་ཁབ་སྐུད་བཟུང་ནས་ལག་རྩལ་སྦྱངས། གསོ་སྦྱོང་མཐར་ཕྱིན་རྗེས་ཐད་ཀར་བཟོ་གྲྭར་ལས་ཞུགས་བྱེད་ཐུབ།

ཨན་ཧུའེ་ཞིང་ཆེན་ཝང་ཅང་རྫོང་ལེ་ཁྲི་གྲོང་རྡལ་ལེ་ཁྲི་སྡེ་བའི་སྡེ་དམངས། ཝང་ཕིང་ཞ་ཡིས་བཤད་རྒྱུར།  ངས་ད་ལྟ་འཚེམ་བཟོ་སྦྱོང་བཞིན་ཡིན། བཟོ་གྲྭར་ལས་ཞུགས་བྱས་རྗེས་ཟླ་གཅིག་ལ་གླ་ཕོགས་སྒོར་ལྔ་སྟོང་ཡོད། ལག་རྩལ་ཡོད་ན་སྐྲག་དགོས་མི་འདུག་ཟེར།

ཝང་ཅང་ཐགས་མ་ཁོ་ན་མིན་པར།  ཉིང་ཞའི་ཧའེ་ཡོན་ཁ་ལོ་བ།  ཧུའུ་པེའི་ཙི་ཀུའེ་མི་མེད་གནམ་གྲུའི་ཁ་ལོ་བ་སོགས། གཞི་རིམ་འཚོ་བ་དངོས་ཀྱི་ཁྱད་ཆོས་མངོན་པའི་ངལ་ནུས་ཟོང་རྟགས་འདི་དག་གིས་ཁ་ཐོར་གྱི་ལས་ཞུགས་དེ་རྩལ་ནུས་ལས་ཞུགས་དང་ཟོང་རྟགས་ལས་ཞུགས་སུ་སྒྱུར་བཞིན་ཡོད། ཟླ9པའི་ཟླ་མཇུག་ཚུན། རྒྱལ་ཡོངས་ཀྱི་དབུལ་ཐར་མི་འབོར་དང་དབུལ་ཕོངས་བསྐྱར་ལོག་སྔོན་འགོག་བྱ་ཡུལ་གྱི་ལས་ཞུགས་གཞི་ཁྱོན་མི་བྱེ་བ་གསུམ་ས་ཡ་གསུམ་ལས་བརྒལ། ཞོས་ལས་ཐར་ཐོར་བཙལ་བ་ནས་ཟོང་རྟགས་སྐྲུན་པའི་བར། ཡོང་འབབ་གཅིག་ཡོད་པ་ནས་ལག་རྩལ་སྣ་གཅིག་ཡོད་པའི་བར། མང་ཚོགས་ཀྱི་ཡོང་འབབ་འཕར་བའི་གདེང་ཚོད་སྔར་ལས་ཇེ་ཆེར་གྱུར།

ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོར། རང་རྒྱལ་གྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྲིད་ཇུས་སྒྲོམ་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་འགྲོ་བཞིན་ཡོད། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གིས་ཆ་བསྒྲིགས་སྲིད་ཇུས་ཡིག་ཆ23བཏོན་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲག་ཁྲིག་གཅིག་ཐེར་ཆེན་བདུན་ཐེར་འབུམ་བདུན་བཀོད་སྒྲིག་བྱས་ཏེ། དངུལ་གཏོང་བྱེད་ཤུགས་ཇེ་ཆུང་དུ་མ་གྱུར་པར། ཐོན་ལས་རོགས་སྐྱོར་དང་། ལས་ཞུགས་རོགས་སྐྱོར།  དར་རྒྱས་བྱུང་མེད་པའི་ས་ཁུལ་གྱི་གསར་སྤེལ་རྣམ་པའི་རོགས་སྐྱོར་བཅས་གཙིགས་སུ་བཟུང་ནས་རྒྱབ་སྐྱོར་བྱས། ལམ་ལུགས་སྔར་ལས་བརྟན་པ། ལྟ་ཞིབ་ཚད་ལེན་སྔར་ལས་གནད་དུ་ཁེལ་བ། ཐོན་ལས་སྔར་ལས་ཆ་ཚང་ཡིན་པ། ལས་ཞུགས་སྔར་ལས་སྤུས་ཚད་ལྡན་པ། ད་ལོའི་འགྱུར་ལྡོག་གསར་པ་འདི་དག་ལ་བརྟེན་ནས། དབུལ་ཐར་མང་ཚོགས་རྣམས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྔར་ལས་བརྟན་པོའི་ངང་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད།