
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཆོད་དོན》གྱིས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བར་མ་ལག་ལྡན་པའི་བཀོད་སྒྲིག་བྱས་ཡོད། 《ཆོད་དོན》ལས། ཏང་གཤིས་ཇེ་དྲག་ཏུ་གཏོང་བ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རྩ་བའི་རང་བཞིན་གྱི་ལས་འགན་ཡིན་པ་བཏོན་ཡོད། རྩ་བའི་རང་བཞིན་གྱི་ལས་འགན་འདི་ལ་གོ་བ་ཇི་ལྟར་ལེན་དགོས་སམ། དེ་རིང་གི་དབང་ཟིལ་བཅར་འདྲིའི་གླེང་མོལ་ལ་གཟིགས་རོགས།
ཏང་གཤིས་ནི་ཏང་གི་རང་བཞིན་དང་དམིགས་ཡུལ། ཕུགས་བསམ་དང་དད་སེམས། ཐོག་མའི་བསམ་འདུན་དང་འགན་འཁྲི། སྤྱོད་ཚུལ་དང་སྒྲིག་ལམ་བཅས་ཀྱི་ཐད་ནས་ཏང་ཡོན་ལ་བཏོན་པའི་རྩ་བའི་བླང་བྱ་ཡིན། 《ཆོད་དོན》ལས་གུང་ཁྲན་ཏང་མིའི་ཏང་གཤིས་ཇེ་དྲག་ཏུ་གཏོང་རྒྱུ་དེ་འཐབ་ཇུས་ལས་འགན་གྱི་བཀོད་སྒྲིག་ཁྲོད་ཀྱི་ཁག་དང་པོར་བཞག་ཡོད།
བདེན་འཚོལ་དུས་དེབ་ཁང་གི་འགོ་གཙོ་ཁྲིན་དབྱང་ཡུང་གིས་བཤད་རྒྱུར། ཆོད་གཏམ་གལ་ཆེན་འདི་ནི། ང་ཚོའི་ཏང་གིས་ཕྲག་ཏུ་འཁུར་བའི་འགན་འཁྲིའི་ལས་འགན་དང་། ང་ཚོའི་ཏང་གི་ཏང་ཡོན་དང་ལས་བྱེད་པའི་དཔུང་སྡེའི་གནས་ཚུལ་ལ་དམིགས་ནས་བསམ་གཞིགས་བཏང་བ་ཡིན། ཏང་ཡོན་དང་ལས་བྱེད་པ་ཁ་ཤས་ཀྱི་ཕུགས་བསམ་དང་དད་སེམས་ལ་གཡོ་འགུལ་ཐེབས་པ་དང་། ཏང་གི་འདུ་ཤེས། ཏང་ཡོན་གྱི་འདུ་ཤེས་ཆེན་པོ་མེད་པ་དང་ཏང་གཤིས་ཀྱི་འདུ་ཤེས་ཞན་པའམ་ཐ་ན་མི་འདང་བའི་གནས་ཚུལ་ཡོད། གསལ་པོར་བཤད་ན། ང་ཚོའི་ཏང་གི་ཕྲག་ཏུ་འཁུར་བའི་འགན་འཁྲི་དང་ལས་འགན། ཏང་ཡོན་དང་ལས་བྱེད་པའི་དཔུང་སྡེའི་ད་ལྟའི་གནས་ཚུལ་ལ་གཞིགས་ན། ཏང་གཤིས་བློ་སྦྱོང་དང་ཏང་གཤིས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་མཁོ་བ་རེད་ཟེར།
《ཆོད་དོན》ལས་ཏང་གཤིས་བློ་སྦྱོང་ཇེ་དྲག་ཏུ་གཏོང་རྒྱུ་དེ་ཚེ་གང་གི་ཞིབ་འཇུག་བྱ་གཞིར་བརྩི་དགོས་པ་བཏོན་ཡོད། དེས་ན། ང་ཚོས་ཇི་ལྟར་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་རྒྱུན་འཁྱོངས་བྱ་དགོས་སམ། 《ཆོད་དོན》ལས་ཕྱོགས་ལྔའི་ཐད་ནས་བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་གོ་གནས་དང་པོར་བཞག་ཡོད་པ་ནི་ཏང་ལ་བློ་དཀར་བའི་སློབ་གསོ་ཇེ་དྲག་ཏུ་གཏང་རྒྱུ་དེ་རེད།
ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ། ཏིན་མའོ་ཧྲིན་གྱིས་བཤད་རྒྱུར། ཏང་ལ་བློ་དཀར་བ་ནི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་པོ་ཡིན། ལོ་ངོ་བརྒྱ་ལྷག་གི་རིང་ལ། ང་ཚོའི་ཏང་གིས་འཆི་གསོན་གྱི་ཚོད་བགམ་ཡང་ཡང་བརྒྱུད་མྱོང་ལ། རེ་ཐག་ཆད་པའི་གནས་ནས་ཡང་བསྐྱར་གསོན་པ་ནི། ཀྲུང་གོའི་གུང་ཁྲན་ཏང་མིས་མི་རབས་ནས་མི་རབས་བར་ཏང་གི་ཕུགས་བསམ་དང་། ཏང་གི་རྩ་འཛུགས། ཏང་གི་སྒྲིག་ཁྲིམས། ཏང་གི་བྱ་གཞག་བཅས་ལ་བློ་དཀར་ཚད་མེད་བྱས་པ་དང་། ཏང་དང་མི་དམངས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཕོད་པ་དང་། ཚེ་གང་བོར་བློས་གཏོང་ཕོད་པ་ལ་བརྟེན་ནས་བྱུང་བ་རེད། དེང་སྐབས་འཛམ་གླིང་སྟེང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་ངང་བྱུང་བཞིན་ཡོད། རྒྱལ་སྤྱིའི་གནས་བབ་སྔར་བས་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བ་དང་། རྒྱལ་ནང་གི་བཅོས་བསྒྱུར་གོང་སྤེལ་བརྟན་ལྷིང་གསུམ་གྱི་ལས་འགན་སྔར་བས་ལྗིད་རྫོབ་དང་དཀའ་ཚེགས་ཆེ་བ། ཏང་ལ“འགྲན་སློང་ཆེན་པོ་བཞི”དང་། “ཉམས་སད་ཆེན་པོ་བཞི”“ཉེན་ཁ་རིགས་བཞི”བཅས་འཕྲད་ཡོད་པས། ཏང་ཡོན་ལས་བྱེད་པས་ཏང་ལ་བློ་དཀར་བརྟན་པོ་བྱེད་པར་ཤུགས་སྣོན་པ་ནི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་ཟེར།
ཆབ་སྲིད་ཐོག་གི་བློ་རྩ་བརྟན་པོ་ནི་རིགས་པའི་གཞུང་ལུགས་ཐད་ཀྱི་རིག་པ་གསལ་པོ་ལས་བྱུང་བ་ཡིན། 《ཆོད་དོན》ལས། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བློ་རྩེ་བསྒྲིམས་ནས་བླ་སྲོག་གཏོད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་བཏོན་ཡོད། ཏང་གི་གསར་གཏོད་གཞུང་ལུགས་ནི་བར་སྣང་དུ་གཡེང་བའི་དོན་སྤྱི་མིན་པར། དེས་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་ལམ་བུར་གཞི་ཚུགས་པ་མ་ཟད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་འཚོ་བཅུད་ཀྱང་བསྡུ་ལེན་བྱས་ཡོད།
ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་ཁྲིམས་འགལ་ཉེས་འགལ་འགོག་རྒོལ་ཅུས་ཀྱི་ཅུས་ཀྲང་གཞོན་པ། རིམ་པ་དང་པོའི་སྐོར་ཞིབ་པ་ཀྲང་ཕིན་གྱིས་བཤད་རྒྱུར།
ཏང་གི་སྲོལ་རྒྱུན་བཟང་པོ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གཅིག་རམ་གཅིག་འདེགས་དང་ཕན་ཚུན་འདྲེས་ཡོད། “ལྕགས་ལྟ་བུའི”སྒྲིག་ལམ་དང་“ངར་ལྕགས་ལྟ་བུའི”འདོད་བློ་ནན་བཤད་བྱས་ཡོད་ལ། “ཀུན་སྤྱོད”ཀྱི་གསོ་བཅུད་དང་། “དགེ་ཕན”གྱི་ཁྲིད་སྟོན་ཡང་བྱས་པས། ཏང་གཤིས་བློ་སྦྱོང་ལ་འགྱུར་མེད་ཀྱི་གཅུན་སྡོམ་ལྡན་ལ། འཇམ་པོའི་རང་བཞིན་ཡང་ལྡན། ཏང་གི་སྲོལ་རྒྱུན་བཟང་པོ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་ཏང་གཤིས་གསོ་སྐྱོང་བྱེད་པ་ནི། ཏང་ཡོན་དང་ལས་བྱེད་པའི་དཔུང་སྡེའི་བྱང་ཚད་མཐོ་རུ་གཏོང་བ་དང་། ཏང་གི་ཡུན་རིང་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏོང་བར་ཁག་ཐེག་དང་། གསར་བརྗེའི་རི་ཀླུང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།
《ཆོད་དོན》ལས་ཏང་གཤིས་དབྱེ་འབྱེད་བྱེད་ཤུགས་ཆེ་རུ་གཏོང་བ་ནན་གྱིས་བསྟན་ཡོད་པ་མ་ཟད། དེའི་ཞིབ་ཕྲའི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། ལས་བྱེད་བསྐོ་འཐེན་དང་ལེགས་འདེམས་ཁྲོད་ཏང་གཤིས་དབྱེ་འབྱེད་ཀྱི་འབྲས་བུ་ཐོན་པར་བྱེད་དགོས་པ་བཏོན་ཡོད།
ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་གཞུང་སྒྲུབ་ཁང་རིག་གནས་ཞིབ་འཇུག་ཅུས་ཀྱི་ཅུས་ཀྲང་ཆིན་ཧོང་ལིའང་ལིས་བཤད་རྒྱུར། 《ཆོད་དོན》ལས་ཏང་གཤིས་དབྱེ་འབྱེད་བྱ་བར་ཤུགས་བསྣོན་པའི་བཀོད་སྒྲིག་ལ་ཕྱོགས་གསུམ་གྱི་ནང་དོན་འདུས་ཡོད། གཅིག་ནི་བློ་རྒྱ་ཆགས་སྟངས་དང་བློ་དཀར་ཚད། སྤྱོད་གཙང་ཚད་བཅས་ཏང་ཡོན་ལས་བྱེད་པའི་ཏང་གཤིས་ཤེས་རྟོགས་བྱེད་པའི་གཙོ་གནད་དུ་འཛིན་དགོས། ཏང་གཤིས་དབྱེ་འབྱེད་ལ་ཤུགས་སྣོན་རྒྱག་དགོས། གཉིས་ནི་སྡེ་ཁག་མང་པོའི་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཐབས་ལམ་མང་པོའི་ཐོག་ནས་བསམ་འཆར་ལ་ཉན་པ། རྒྱུན་གཏན་གྱི་ལྟ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ལ་ཤུགས་བསྣོན་དང་གནད་འགག་གི་དུས་སུ་རྟོག་ཞིབ་བྱ་རྒྱུར་དོ་སྣང་བྱེད་དགོས་པ་བཏོན་ནས་ཏང་གཤིས་དབྱེ་འབྱེད་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། གསུམ་ནི་ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་དང་ལེགས་འདེམས་སྔོན་འདེམས་ཁྲོད་ཏང་གཤིས་དབྱེ་འབྱེད་བྱས་འབྲས་བེད་སྤྱོད་ཡག་པོ་བྱེད་དགོས་པ་བཏོན་ནས། ཏང་གཤིས་དབྱེ་འབྱེད་ཀྱིས་དགོས་ངེས་ཀྱི་ནུས་པ་དངོས་སུ་འདོན་སྤེལ་བྱེད་པར་བྱས། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་གཤིས་དབྱེ་འབྱེད་བྱ་བ་དམ་འཛིན་ཡག་པོ་བྱས་ནས་གུང་ཁྲན་ཏང་མིའི་ཏང་གཤིས་ཇེ་དྲག་ཏུ་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།