མི་རྩ་བར་བཟུང་ནས་འཐུས་སྒོ་ཚང་བའི་སྡེ་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།
ཁུངས། ཀྲུང་དབྱང་གསར་འགྱུར་མཉམ་སྒྲོག ཀློག་གྲངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་སྐུལ་འདེད་གཏོང་བ་ནི་གྲོང་ཁྱེར་དེང་རབས་ཅན་འཛུགས་སྐྲུན་གྱི་འཇུག་སྒོ་གལ་ཆེན་ཞིག་ཡིན་པས། མི་དམངས་ཀྱི་གྲོང་ཁྱེར་ཞེས་པའི་འདུ་ཤེས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། དགོས་མཁོ་དམངས་ལ་འདྲི་བ་དང་། ཐབས་ཇུས་དམངས་ལ་འདྲི་བ། ཕན་འབྲས་དམངས་ལ་འདྲི་བ་བཅས་རྒྱུན་འཁྱོངས་དང་། གྲོང་ཁྱེར་གསར་སྒྱུར་གྱི་བྱ་བ་སོ་སོ་གཏིང་ཟབ་དང་ཞིབ་ཚགས་། ཏན་ཏིག་ངང་བསྒྲུབ་དགོས་པ་ནན་གྱིས་བསྟན་ཡོད། ད་ལོ་ནས་བཟུང་། ས་གནས་སོ་སོས་གནད་འཁེལ་ཞིབ་ཚགས་སྒོས་གྲོང་ཁྱེར་གསར་སྒྱུར་སྐུལ་འདེད་གཏོང་བ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་འཐུས་སྒོ་ཚང་བའི་སྡེ་ཁུལ་འཛུགས་སྐྲུན་བྱས། མང་ཚོགས་ཀྱིས་སྒོ་འགྲམ་དུ་རྐང་ཐང་དུ་ཐོན་ཐུབ་པ་དང་། སྒྲིག་བཀོད་ཆ་ཚང་ཡིན་པ། མཉམ་བཅོས་མཉམ་སྤྱོད་ཡིན་པའི་སྡེ་ཁུལ་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱས།

ཧྲེན་དབྱང་ཧོང་ཀུའུ་ཆུས་སུང་ལེན་སྡེ་ཁུལ་དུ་རྒན་པ་དང་བྱིས་པ་ཡིས་སྡོད་དམངས་བསྡོམས་འབོར་གྱི་བཅུ་ཆའི་བཞི་ཟིན་ཡོད། མིག་སྔར། སྡེ་ཁུལ་དུ་བེད་མེད་དུ་བཞག་པའི་ཁང་པ་དག་ཡང་བསྐྱར་བེད་སྤྱོད་བྱས་ཏེ། རྒན་པ་དང་བྱིས་པས་མཉམ་དུ་སྤྱོད་པའི་ཕྱོགས་བསྡུས་རྟེན་གཞི་ཞིག་ཏུ་གྱུར་བ་དང་། སྡོད་དམངས་ཚོའི་འཚོ་བའི་དགོས་མཁོ་སྨི་བརྒྱ་ཕྲག་འགའི་ནང་ནས་ཐག་གཅོད་བྱེད་ཐུབ། ཞོགས་པར། ཨ་མྱེས་དང་ཨ་ཕྱི་རྣམས་ཐོག་ཁང་ནས་མར་བབས་རྗེས་རྐང་ཐང་ལ་ཅུང་ཙམ་སོང་རྗེས་ཚ་བོ་དང་ཚ་མོ་བུ་བཅོལ་ཁང་དུ་སྐྱེལ་ཐུབ། ཁ་ཕྱིར་འཁོར་ནས་ཉིས་ཐོག་ཏུ་སོང་ན། མཉམ་ལེན་རུ་ཁག་གིས་སྦྱོང་བརྡར་བྱེད་པར་སྒུག་ཡོད། སུམ་ཐོག་ཏུ། ཀྲུང་ལུགས་གསོ་བཅོས་བྱེད་སའི་ཉལ་ཁྲི་སྔ་མོ་ནས་གྲ་སྒྲིག་ཡག་པོ་བྱས་ཡོད།

ཧྲེན་དབྱང་ཧོང་ཀུའུ་ཆུས་སུང་ལེན་སྡེ་ཁུལ་གྱི་སྡོད་དམངས་སུན་ཏེན་ཡིའུ་ཡིས་བཤད་རྒྱུར།

འདི་ལྟར་ང་ལ་རང་ཉིད་ཀྱི་དུས་ཚོད་ཡོད། ཉིན་གུང་ཐོན་དུས་ད་རུང་ཟ་ཁང་དུ་ཟ་མ་ཚན་དེ་ཞིག་ཟ་ཐུབ། བུ་བུ་མོ་ཚོ་ཡང་སེམས་བདེ་མོས་རང་གི་བྱ་བ་བསྒྲུབ་ཏུ་སོང་ཆོག

སྡེ་ཁུལ་ནི་གྲོང་ཁྱེར་སྡོད་དམངས་ཀྱི་འཚོ་བ་དང་གྲོང་ཁྱེར་བཅོས་སྐྱོང་གི་གཞི་རྩའི་གྲུབ་ཆ་ཡིན་པ་དང་། ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་འདེགས་ཞུ་བའི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་ཟེར་བ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་སྡེ་ཁུལ་བྱ་བར་ཐུགས་ཁུར་གནང་བཞིན་ཡོད་ཅིང་། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། སྡོད་དམངས་མང་ཚོགས་ཀྱི་དགོས་མཁོ་སྣ་ཚོགས་ཁོང་དུ་ཆུད་པར་བྱེད་པ་དང་། སྡེ་ཁུལ་གྱི་སྡོད་དམངས་ལ་གནད་འཁེལ་ཞིབ་ཚགས་ཅན་གྱི་ཞབས་ཞུ་དུས་ཐོག་ཏུ་མཁོ་འདོན་བྱེད་དགོས་ཞེས་ཁ་གསལ་བོར་བསྟན་ཡོད། གྲོང་ཁྱེར་གསར་སྒྱུར་ཞེས་པ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་གྱུར་བ་དང་བསྟུན། སྡེ་ཁུལ་འཛུགས་སྐྲུན་ནི་གྲོང་ཁྱེར་གསར་སྒྱུར་གྱི་ལས་འགན་གལ་ཆེན་དང་དོན་འཁྱོལ་བྱ་ཡུལ་ཞིག་ཏུ་གྱུར། 2025ལོའི་ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲེན་དབྱང་ཁྲང་ཨན་གཞིས་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་ཏེ། གྲོང་ཁྱེར་གསར་སྒྱུར་བྱེད་པ་ནི་ཡུལ་བབ་དང་བསྟུན་པ་དང་། སྡེ་ཁུལ་འཛུགས་སྐྲུན་དང་ཟུང་འབྲེལ་བྱེད་པ། ཡོད་ཚད་དམངས་ལ་སྟབས་བདེ་བསྐྲུན་པ་དང་། དམངས་ལ་ཕན་པ། དམངས་ལ་བདེ་བ་ཡོང་བར་གཙོ་བོར་འཛིན་དགོས་ཞེས་བླང་བྱ་གསལ་བོ་གནང་ཡོད། དེའི་རྗེས་སུ་ཚོགས་པའི་ཀྲུང་དབྱང་གི་གྲོང་ཁྱེར་བྱ་བའི་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་གཏོད་རྣམ་པའི་ཐོན་ལས་སྡེ་ཁུལ་དང་ཚོང་དོན་སྡེ་ཁུལ་འཛུགས་སྐྲུན་བྱེད་པ་དང་། སྲོལ་རྒྱུན་གྱི་ཐོན་ལས་དང་སྡོད་གནས། ཚོང་ལས་སོགས་བྱེད་ནུས་བར་གཅོད་བྱེད་སྟངས་རིམ་བཞིན་མེད་པར་བཟོ་དགོས་ཞེས་གསལ་བོར་བསྟན། ད་ལོར། ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་བསྐྱར་ཆ་ཚང་སྡེ་ཁུལ་དང་དམངས་ཕན་འཚོ་བའི་ཚོམས་འཛུགས་སྐྲུན་བྱེད་པ་དང་། བློ་གཅིག་སེམས་གཅིག་དང་བསམ་ཤེས་བྱེད་པའི་སྒོ་ནས་སྡོད་དམངས་ཀྱི་ཆེད་དུ་བྱ་བ་བཟང་པོ་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་ཁག་སེལ་རོགས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཀྲུང་གོ་གྲོང་ཁྱེར་འཆར་འགོད་སློབ་ཚོགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ་ཝང་ཅན་གོ་ཡིས་བཤད་རྒྱུར།

རྒན་པ་དང་བྱིས་པའི་བྱ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་གནང་བའི་དམངས་འཚོའི་དོན་ཆེན་ཞིག་ཡིན། གྲོང་ཁྱེར་གསར་སྒྱུར་ཁྲོད་ཆ་ཚང་སྡེ་ཁུལ་འཛུགས་སྐྲུན་བྱེད་པ་བརྒྱུད། དངོས་ཡོད་ཀྱི་དཀའ་གནད་འདི་སེལ་བ་ལ་ཐབས་ལམ་གསར་པ་དང་རིགས་ལམ་གསར་པ་མཁོ་འདོན་བྱས། འདིས་རྒན་གསོ་བུ་བཅོལ་སྒྲིག་གཞི་ཁེར་རྐྱང་དུ་འཛུགས་སྐྲུན་བྱེད་པའི་རིག་ལམ་ལས་བརྒལ་ཏེ། སྡེ་ཁུལ་ཐོན་ཁུངས་བཀོད་སྒྲིག་གཅིག་གྱུར་འཆར་འགོད་བྱེད་པར་གཞི་ཚུགས་ནས། ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་ལྟ་སྐྱོང་ཞབས་ཞུ་དེ་སྡོད་དམངས་ཀྱི་དུས་རྒྱུན་གྱི་འཚོ་བའི་ནང་ཐོན་པར་བྱས།

ཁ་ཕྱོགས་གསལ་བོ་ཡིན་མོད། འོན་ཀྱང་དོན་འཁྱོལ་བྱེད་དགོས་ན་དཀའ་མོ་ཡིན། དཀའ་གནད་ནི་སྒོར་མོ་མིན་པར་ཐར་ཐོར་གྱི་གནས་ཚུལ་ལ་ཐུག་ཡོད། སྔོན་ཆད། ས་གནས་མི་ཉུང་བ་ཞིག་གིས་རྒན་གསོ་དང་བུ་བཅོལ་སྒྲིག་བཀོད་ཁག་བགོས་འཆར་འགོད་དང་ཁག་བགོས་འཛུགས་སྐྲུན་བྱེད་པ་ཡིན་ལ། སྦུག་དྲ་བསྒྱུར་བཀོད་དང་སྤྱི་གླིང་འཛུགས་སྐྲུན་ཡང་རང་རང་སོ་སོས་སྒྲུབ་པ་ཡིན། སྡོད་དམངས་ལ་དགོས་མཁོ་ཡོད་ན། ཆ་སྒྲིག་ཞབས་ཞུ་དོན་ཐོག་ཏུ་མི་འཁྱོལ་བས། སྒོར་མོ་བཏང་ཡོད་ཀྱང་། མང་ཚོགས་ཀྱི་ཐོབ་སྣང་ཇེ་ཞན་ཡིན། དེ་ལྟར་ཡིན་ཚེ་ཇི་ལྟར་བྱ་དགོས་སམ། 

གནད་དོན་འདི་ཐག་གཅོད་བྱེད་དགོས་ན་ཐོག་མར་བརྟག་དཔྱད་བྱེད་པ་ནས་འགོ་རྩོམ་དགོས། རྒྱལ་ཁབ་ཀྱི་སྡེ་ཁག་བདུན་གྱིས་རྒྱལ་ཡོངས་སུ་འཐུས་སྒོ་ཚང་བའི་སྡེ་ཁུལ་འཛུགས་སྐྲུན་གྱི་ཚོད་ལྟ་སྐོར་ཐེངས་དང་པོ་སྤེལ་འགོ་བརྩམས་ཏེ། སྡེ་ཁུལ་ནང་གི་རྒན་པ་ག་ཚོད་སོང་ན་སྔོ་ཚལ་ཉོ་ཐུབ་པ་དང་། བྱིས་པ་ཚོ་ལ་རྩེད་མོ་རྩེ་ས་ཡོད་མེད། ལ་ཐུར་གང་དུ་རྐུབ་སྟེགས་འཁོར་ལོ་བགྲོད་མི་ཐུབ་པ། སྡེ་ཁུལ་གང་ལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དགོས་མཁོ་ཆེ་བ་སོགས་ཐོག་མར་སྡེ་ཁུལ་ལ་བརྟག་དཔྱད་བྱེད་དགོས་པའི་བླང་བྱ་གསལ་བོར་བཏོན། ཁྲང་ཧྲ་རུ། ཡུས་ཧྭ་ཆུས་ཀྱིས་བརྟག་དཔྱད་བྱས་འབྲས་དང་ཟུང་འབྲེལ་བྱས་ཏེ། གཞིས་ཁུལ་རྙིང་པ་མང་པོ་ཞིག་གྲོང་ཁྱེར་གསར་སྒྱུར་གྱི་གཙོ་གནད་ཁུལ་གཉིས་སུ་བསྡུས། ཆར་ཆུ་དང་བཙོག་ཆུའི་སྦུག་དྲ། རླངས་འཁོར་འཇོག་ས། སྤྱི་གླིང་ཆུང་བ། བུ་བཅོལ་རྒན་གསོའི་ཁང་པ་སོགས་ཀྱི་བསྒྱུར་བཀོད་ཐེངས་གཅིག་གིས་ལས་གཞི་གཅིག་གི་ནང་ལ་བརྩིས་ནས། ལམ་ངོས་རྐོ་ཐེངས་གཅིག་དང་། ས་སྟེང་ས་འོག་མཉམ་དུ་ལས་པ། བསྒྱུར་བཀོད་འཁོར་སྐྱོད་མཉམ་འཛིན་བྱེད་པ་མངོན་འགྱུར་བྱས།

ཁྲང་ཧྲ་གྲོང་ཁྱེར་ཡུས་ཧྭ་ཆུས་གྲོང་ཁྱེར་འཚོ་སྡོད་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཞི་ཆོན་གྱིས་བཤད་རྒྱུར།

ང་ཚོས་ད་རུང་གྲོང་ཁྱེར་གྱི་བརྟག་དཔྱད་བློ་འདྲི་བ་དང་། འཆར་འགོད་པ། བཟོ་བཀོད་པ་བཅས་བསྒྱུར་བཀོད་བྱ་ཡུལ་དུ་རྒྱུན་སྡོད་བྱེད་པར་གདན་འདྲེན་ཞུས་ནས། བརྟག་དཔྱད་རྒྱུས་ལོན་བྱེད་ཞོར་དུ་དམངས་ཕན་སྒྲིག་བཀོད་ཀྱི་འདེམས་ཡུལ་དང་བཀོད་པ་ལེགས་སྒྱུར་བྱས་པ་ཡིན།

བརྟག་དཔྱད་བྱེད་དུས་བཀོད་པའི་བསྒྱུར་བཀོད་གསལ་ཐོ་ད་དུང་ངེས་པར་དུ་ཞིབ་ཚགས་བྱ་དགོས། ཡུས་ཧྭ་ཆུས་ཅིན་ཁོ་གླིང་སྡེ་ཁུལ་དུ་འཚེམ་དྲུབ་ཀྱི་ལག་རྩལ་དེ་ཐེམ་སྐས་སྟེང་གཙགས་ཡོད་ལ།  ལྟེབ་ཁྲི366དེ་བརྩེགས་རིམ་གང་དུ་སྒྲིག་སྦྱོར་བྱེད་པ་དང་བར་ཐག་ག་ཚོད་ཡིན་པ་ནི་རྒན་པ་ཚོས་སྐས་རིམ་རེ་རེ་བཞིན་ཚོད་ལྟ་བྱས་ནས་བྱུང་བ་རེད།

 ཁྲང་ཧྲ་གྲོང་ཁྱེར་ཡུས་ཧྭ་ཆུས་ཅིན་ཁོ་གླིང་སྡེ་ཁུལ་གྱི་གྲོང་མི་ལེའང་ཁའེ་ཞིན་གྱིས་བཤད་རྒྱུར།

བསྒྱུར་བཀོད་བྱེད་པ་ནི་མགོ་རྨོངས་པ་ལྟར་ཁྱབ་ཁོངས་ཡོངས་སུ་གཅིག་གྱུར་སྒོས་ལག་བསྟར་བྱེད་པ་མིན།  མི་ཚང་མར་བསམ་འཆར་ཅི་ཡོད་ན་ཕྱིར་བཏོན་དང་ཚང་མ་ཐོ་འགོད་ཐག་གཅོད་བྱས་ཆོག 

ད་སྐབས་གྲོང་ཁྱེར་སྔར་ལས་མང་པོ་ཞིག་གིས་འདི་ལྟར་སྒྲུབ་བཞིན་ཡོད།  ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ས་གནས་སོ་སོས་སྡེ་ཁུལ1000ཉེ་བ་ཙམ་དུ་སྡེ་ཁུལ་འཛུགས་སྐྲུན་བསྒྱུར་བཀོད་ཆ་ཚང་བྱས་ཤིང་།  སྡེ་ཁུལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དང་དམངས་ཕན་ཚོང་ལས་ཞབས་ཞུའི་སྒྲིག་བཀོད4200ལས་བརྒལ་བ་གསབ་སྣོན་བྱས་པ་དང་། སྡོད་དམངས་ཁྱིམ་ཚང་ས་ཡ་གསུམ་འབུམ་དྲུག་ཁྲི་གསུམ་སྟོང་གཉིས་ལ་ཕན་ཐོགས་པར་བྱས་ཤིང་མ་དངུལ་སྒོར་ཐེར་ཆེན་གསུམ་ཐེར་འབུམ་གསུམ་དུང་ཕྱུར་དྲུག་བྱེ་བ་གཅིག་བཏང་།

མཁྲེགས་ཆས་བཅོས་བསྒྱུར་བྱས་ཚར་བ་དང་ཞབས་ཞུ་ཡང་ཡོད་པས་བྱ་བ་མཇུག་རྫོགས་སོང་ངམ།  ཧྲང་ཧའེ་ཅིན་ཨན་ཆུས་ལིན་ཧྥུན་ལམ་གྱི་སྒོ་རྟགས380བསྒྱུར་བཀོད་ལེགས་འགྲུབ་བྱས་རྗེས།  སྡེ་ཁུལ་གྱི་ལས་སྒྲུབ་པས་ཚང་མར་ད་དུང་དགོས་མཁོ་ཡོད་པ་ཤེས།

 ཧྲང་ཧའེ་ཅིན་ཨན་ཆུས་ལིན་ཧྥིན་ལམ་སྒོ་རྟགས380ཡི་སྡོད་དམངས་ཡའོ་ཡུའེ་ཚའེ་ཡིས་བཤད་རྒྱུར།

ང་དང་འདྲ་ན། ལོ་ན་ཆེ་བས་ལྭ་བ་ཆེན་པོ་བཀྲུ་ཐབས་མི་འདུག་ལ་ད་དུང་དྲོད་སྙོམས་འཕྲུལ་ཆས་གཙང་དག་བྱེད་པར་ང་རང་ལོ་ན་ཆེ་བས་སྟེང་དུ་འགོས་ན་གཙང་མར་བཀྲུ་མི་ཐུབ།

སྡེ་ཁུལ་གྱིས་ད་ལྟ་རང་རྟོགས་སྒོས་གོས་འཁྲུ་བ་དང་ཁྱིམ་སྤྱོད་གློག་ཆས་ཞིག་གསོ།  གྲི་བརྡར་བ།  ཉི་གདུགས་བཟོ་བ་སོགས་ཞབས་ཞུའི་རྣམ་གྲངས50ལྷག་རླངས་འཁོར་ཆུང་བར་བཞག་ནས་སྡོད་མིའི་སྒོ་འགྲམ་དུ་བསྐྱལ་ཏེ། ཞབས་ཞུ་འགན་ལེན་དེ་སྡོད་དམངས་ཀྱིས་རོགས་སྐྱོར་རེ་བ་མ་ཞུས་གོང་དུ་ཐོན་པར་བྱས།

བར་སྟོང་དུ་འཇུག་ཐུབ་པ་དང་ཞབས་ཞུའི་རྗེས་སྙེག་ཐུབ་པར་ལམ་ལུགས་ལ་བརྟེན་དགོས།  ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ།  རྒྱལ་ཁབ་ཀྱིས་ད་དུང་འདིའི་རིགས་ཀྱི་གཞིས་ཁུལ་ཆུང་བ5000རུ་མགྱོགས་མྱུར་སྒོས་ཆ་ཚང་བའི་སྡེ་ཁུལ་འཛུགས་སྐྲུན་བྱ་རྒྱུ་ལག་བསྟར་བྱས་ཏེ།  ལོ་ཚད་ཡོངས་ལ་མཐུན་པའི་ཞབས་ཞུ་སྔར་ལས་བཟང་བོ་སྡེ་ཁུལ་དུ་འཇུག་རྒྱུ་རེད།  དེ་དང་མཉམ་དུ་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ་ཡིས་ད་ལོར་སྡེ་ཁུལ་རྙིང་པར་གློག་སྐས་འཛུགས་རྒྱུ་དེ་ཐོག་དང་པོར“གསར་པ་གཉིས”ཀྱི་རྒྱབ་སྐྱོར་ཁྱབ་ཁོངས་ནང་བཅུག་པ་དང་།  རང་བྱུང་ཐོན་ཁུངས་པུའུ་ཡིས་ཀྱང་རྒན་གསོ་བུ་བཅོལ་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་ས་ཆའི་དགོས་མཁོ་སྔོན་ལ་འགན་ལེན་བྱེད་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད་ལ།  སྲིད་ཇུས་དང་བྱེད་ཐབས་རེ་རེ་བཞིན་ཟམ་མི་ཆད་པར་བཏོན་པ་དང་བསྒྱུར་བཀོད་ཆེ་ཆུང་སྣ་ཚོགས་རྒྱུན་མཐུད་ངང་སྤེལ།

སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་བཟོ་བཀོད་ནུས་ཁུངས་གྲོན་ཆུང་དང་ཚན་རྩལ་སིའི་སི་ཀྲང་གཞོན་པ་ཀྲང་ཡན་གྱིས་བཤད་རྒྱུར།

ང་ཚོས་ས་གནས་ཁག་གི་སྡེ་ཁུལ་གྱིས་སྒྲིག་བཀོད་ཞན་ཆ་གསལ་རྟོགས་བྱ་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་པ་དང་།  བསྒྱུར་བཅོས་བྱས་པའི་སྒྲིག་བཀོད་དང་བར་སྟོང་ཐོན་ཁུངས་དེ་སྔོན་ལ་རྒན་གསོ་བུ་བཅོལ་སོགས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་པར་སྤྱོད་རྒྱུ་ཡིན་ལ།  སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དང་སྤྱི་པའི་ལྗང་ཁུལ་གསབ་སྣོན་བྱས་ནས།  མུ་མཐུད་དུ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང།  བདེ་སྣང་བཅས་མཐོ་རུ་གཏོང་རྒྱུ་ཡིན།