ཏིང་ཞུའེ་ཞང་གིས་སིང་ག་ཕོར་དུ་འཚམས་འདྲི་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ11པའི་ཚེས22ཉིན་ནས་ཚེས23ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་གདན་ཞུ་ལྟར་སིང་ག་ཕོར་ལ་འཚམས་འདྲི་མཛད་དེ། སོ་སོར་སིང་ག་ཕོར་གྱི་ཙུང་ལི་ཧོང་ཞུན་ཚའེ་དང་། རྒྱལ་དོན་བློ་འདྲི་ལི་ཞན་ལུང་།  ཙུང་ལི་གཞོན་པ་ཡན་ཅིན་ཡུང་བཅས་ལ་མཇལ་འཕྲད་གནང་བ་མ་ཟད། ཡན་ཅིན་ཡུང་དང་མཉམ་དུ་ཀྲུང་གོ་དང་སིང་ག་ཕོར་ཕྱོགས་གཉིས་ཀྱི་མཉམ་ལས་མཉམ་འབྲེལ་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་ཉེར་གཉིས་པ་དང་།  ཀྲུང་གོ་དང་སིང་ག་ཕོར་གྱི་སུའུ་ཀྲོའུ་བཟོ་ལས་གླིང་ཁུལ།   ཀྲུང་གོ་དང་སིང་ག་ཕོར་གྱི་ཐེན་ཅིན་སྐྱེ་ཁམས་གྲོང་།  ཀྲུང་གོ་དང་སིང་ག་ཕོར་གྱི་འཐབ་ཇུས་རང་བཞིན་གྱི་མཉམ་འབྲེལ་མཉམ་མཐུད་དཔེ་སྟོན་ལས་གཞི་སོགས་ཀྱི་རྐྱེན་སྲོལ་གྲོས་ཚོགས་ལ་འགོ་འཛིན་མཛད།

མཇལ་འཕྲད་གནང་སྐབས་ཏིང་ཞུའེ་ཞང་གིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ཐུགས་ཁུར་དང་མཛུབ་སྟོན་འོག  ཀྲུང་གོ་དང་སིང་ག་ཕོར་གྱི་ཕྱོགས་གཉིས་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཕྱོགས་ཡོངས་དང་སྤུས་ཚད་མཐོ་བ། རྒྱང་ལྟའི་རང་བཞིན་གང་ལེགས་སྒོས་མཚོན་ཡོད། ཉེ་ཆར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པར་ཡོང་བའི་ཙུང་ལི་ཧོང་ཞུན་ཚའེ་དང་ཞལ་འཛོམས་གྲོས་མོལ་གལ་ཆེན་གནང་ནས། དུས་རིམ་རྗེས་མའི་ཕྱོགས་གཉིས་འབྲེལ་བ་འཕེལ་རྒྱས་དང་མཉམ་ལས་གཏིང་ཟབ་བྱ་རྒྱུར་ཁ་ཕྱོགས་གསལ་བོ་བསྟན། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། མཉམ་ལས་ཟབ་སྤེལ་གྱི་འདོད་བློ་དེ་བྱ་སྤྱོད་དངོས་དང་དངོས་གཉེར་གྱི་གྲུབ་འབྲས་སུ་བསྒྱུར་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་པ་དང་། ཕྱི་ཕྱོགས་སྒོ་འབྱེད་མཐའ་འཁྱོངས་དང་རང་བདག་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རྒྱལ་ཁབ་འཕེལ་རྒྱས་ཀྱི་མདུན་ལམ་དང་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་འཛིན་བྱས། མིག་སྔའི་རྙོག་འཛིང་དང་ཟིང་ཆ་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག  ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འཐབ་ཇུས་ཀྱི་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པར་བྱེད་པ་དང་། མཉམ་འགུལ་མཐུན་སྦྱོར་དམ་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་། རང་སའི་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་འོས་ཞེས་བསྟན།

ཧོང་ཞུན་ཚའེ་དང་ལི་ཞན་ལུང་སོགས་སིང་ག་ཕོར་གྱི་འགོ་ཁྲིད་པས་བསྟན་དོན། སིང་ག་ཕོར་གྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོའི་བར་གྱི་འཕེལ་རྒྱས་འཐབ་ཇུས་ཀྱི་འབྲེལ་མཐུད་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་མཉམ་ལས་ཐད་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་འདོད་ཡོད། མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་དེ་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་འབྱུང་འགྱུར་དང་འབྲེལ་བ་ཡོད་པས། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད། སིང་ག་ཕོར་ཕྱོགས་ཀྱིས་སང་ལོར་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་གོ་སྐབས་སུ་བརྩིས་ནས།  ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཧུར་ཐག་གིས་སྤེལ་འདོད་ཡོད།

ཏིང་ཞུའེ་ཞང་དང་ཡན་ཅིན་ཡུང་གིས་མཉམ་དུ་ཕྱོགས་གཉིས་མཉམ་ལས་རྐྱེན་སྲོལ་གྲོས་ཚོགས་ལ་འགོ་འཛིན་མཛད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱས་ཚུལ་དང་ཁྱབ་ཁོངས་གལ་ཆེན་གྱི་མཉམ་ལས་འཕེལ་རིམ་ལ་དབྱེ་ཞིབ་དང་ཕྱོགས་སྡོམ་ནན་མོ་བྱས་པ་དང་།  “རྒྱུད་གཅིག་ལམ་གཅིག”དང་དཔལ་འབྱོར་ཉོ་ཚོང་། རྒྱུན་མཐུད་འཕེལ་རྒྱས། གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱེད་རྒྱུར་དམིགས་ནས་བསམ་བློ་བརྗེ་རེས་གཏིང་ཟབ་བྱས། ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་སྲིད་གཞུང་བར་གྱི་མཉམ་ལས་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ཀྱི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས། ལྗང་མདོག་ཐོན་ལས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ། མི་ཚུལ་རིག་གནས་རྒྱ་བསྐྱེད་པ་དང་། སློབ་གསོ་དང་རིག་གནས། ཡུལ་སྐོར། འཕྲོད་བསྟེན་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་བསྐྲུན་ནས། རྒྱལ་ཁབ་གཉིས་ཀྱི་དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བར་མོས་མཐུན་བྱུང་།

གྲོས་ཚོགས་གྲོལ་རྗེས། ཏིང་ཞུའེ་ཞང་དང་ཡན་ཅིན་ཡུང་གིས་མཉམ་དུ་ཀྲུང་གོ་དང་སིང་ག་ཕོར་གྱི་མཉམ་ལས་གྲུབ་འབྲས་འགྲེམ་སྟོན་ལ་བདེན་དཔང་མཛད།