ལྷ་གྲུ་ཉེར་བཞི་པའི་མི་སྡོད་འཕུར་གྲུ་འཕེན་གཏོང་བྱེད་ས་གཏན་འཁེལ་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ11པའི་ཚེས24ཉིན། ལྷ་གྲུ་ཉེར་བཞི་པའི་མི་སྡོད་འཕུར་སྐྱོད་ལས་འགན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་།   མཁའ་སྐྱོད་པའི་ཚོ་ཆུང་གི་སྨྱན་སྦྱོར་ཐུག་འཕྲད་ཚོགས་འདུ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་ཚོགས་པ་དང་།   ལྷ་གྲུ་ཉེར་བཞི་པའི་མི་སྡོད་འཕུར་གྲུ་འཕེན་གཏོང་བྱེད་སས་ཟླ11པའི་ཚེས25ཉིན་གྱི་ཆུ་ཚོད8དང་སྐར་མ18སྟེང་འཕེན་གཏོང་བྱ་རྒྱུ་གཏན་འཁེལ་བྱས།  འདི་ནི་ཀྲུང་གོའི་མི་སྡོད་མཁའ་སྐྱོད་བཟོ་སྐྲུན་ལོ་རྒྱུས་སྟེང་གི་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཁའ་སྐྱོད་པས་མཉམ་འབྲེལ་བྱས་ཏེ་འཕུར་སྐྱོད་བྱེད་ཐེངས་དང་པོ་ཡིན་ལ།   ཀྲུང་གོའི་བར་སྣང་ས་ཚིགས་ཀྱིས་ཐེངས་དང་པོར་ཕྱི་རྒྱལ་གྱི་མཁའ་སྐྱོད་པ་བསུས་པ་རེད།

ཡོངས་བསྒྲགས་ཚོགས་འདུའི་སྟེང་།   ལྷ་གྲུ་ཉེར་བཞི་པའི་མི་སྡོད་འཕུར་སྐྱོད་ལས་འགན་གྱི་གྲ་སྒྲིག་གནས་ཚུལ་དང་། མཁའ་སྐྱོད་པས་ལོ་གཅིག་གི་རིང་འཁོར་ལམ་དུ་བཅའ་སྡོད་ཚོད་ལྟ་བྱེད་དགོས་པ། མི་སྡོད་ཟླ་བའི་ལས་འགན་སོགས་ཀྱི་ནང་དོན་ངོ་སྤྲོད་བྱས།   དེའི་རྗེས་སུ།  ལྷ་གྲུ་ཉེར་བཞི་པའི་ལས་འགན་སྒྲུབ་མཁན་གྱི་མཁའ་སྐྱོད་པ་གསུམ་གྱིས་གནམ་དཔྱད་ཁང་དུ་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པ་དང་ཐུག་འཕྲད་བྱས། ལྷ་གྲུ་ཉེར་བཞི་པའི་མཁའ་སྐྱོད་ཚོ་ཆུང་ནི་ཁ་ལོ་པ་ཐང་ཧུང་པོ་དང་།  མཁའ་སྐྱོད་འཕུར་སྐྱོད་བཟོ་བཀོད་པ་ཝུའུ་དབྱི།  ཕ་ཁི་སི་ཐན་ནས་ཡིན་པའི་ཐེག་ཚད་ཆེད་མཁས་པ་མུའུ་ཧན་མུའུ་ཏི·ཆི་ཧྲང·ཨ་ལི་བཅས་ཀྱིས་གྲུབ་ཡོད་ལ།   ཐང་ཧུང་པོ་ཡིས་བཀའ་དཔོན་གྱི་འགན་ཁུར་ཡོད།   འདི་ནི་ཀྲུང་གོའི་མི་སྡོད་མཁའ་སྐྱོད་བཟོ་སྐྲུན་ཁྲོད་ཕྱི་རྒྱལ་ནས་ཡིན་པའི་མཁའ་སྐྱོད་པ་འདུས་པའི་འཕུར་སྐྱོད་ཚོ་ཆུང་ཐོག་མ་རེད།

བཀའ་དཔོན་ཐང་ཧུང་པོ་ཡིས་སྔོན་ཆད་ལྷ་གྲུ་བཅུ་གཉིས་པ་དང་ལྷ་གྲུ་བཅུ་བདུན་པའི་མི་སྡོད་འཕུར་སྐྱོད་ལས་འགན་བསྒྲུབས་མྱོང་བ་དང་།  ཁོ་ནི་མི་འགྱངས་པར“ནམ་མཁའི་ཕོ་བྲང”དུ་ཐེངས་གསུམ་ལ་འགྲོ་མཁན་གྱི་མཁའ་སྐྱོད་པ་ཐོག་མར་འགྱུར་རྒྱུ་རེད།

མཁའ་སྐྱོད་པ་ཐང་ཧུང་པོ་ཡིས་བཤད་རྒྱུར། བར་སྣང་ནི་མིའི་རིགས་ཡོངས་ལ་དབང་བ་དང་།  འཇིག་རྟེན་འཚོལ་ཞིབ་བྱེད་རྒྱུ་ནི་མིའི་རིགས་ཐུན་མོང་གི་ཕུགས་འདུན་ཡིན། རྗེས་ཕྱོགས་གོ་སྐབས་སྔར་ལས་མང་པོ་ཡོད་པའི་རེ་བ་བཅངས་ཡོད།   རྒྱལ་སྤྱིའི་ལས་རིགས་གཅིག་པའི་གྲོགས་པོ་དང་མཉམ་དུ་ཞི་བདེ་ངང་བར་སྣང་གསར་སྤེལ་བེད་སྤྱོད་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་སྔར་ལས་མང་པོ་འབུལ་དགོས་ཟེར།

ཝུའུ་དབྱི་ནི་རང་རྒྱལ་གྱི་སྐོར་ཐེངས་གསུམ་པའི་མཁའ་སྐྱོད་པ་ཡིན་པ་དང་། འདི་ནི་ཁོས་ཐེངས་དང་པོར་འཕུར་སྐྱོད་ལས་འགན་ལག་བསྟར་བྱེད་པ་རེད།

མཁའ་སྐྱོད་པ་ཝུའུ་དབྱི་ཡིས་བཤད་རྒྱུར།    འཕུར་སྐྱོད་ཚོ་ཆུང་དུ་བདམས་པ་ནི་ཕུགས་འདུན་འགྲུབ་སོང་བ་མིན་པར། ལས་འགན་གྱི་འགོ་བརྩམས་པ་ཡིན།  ང་ནམ་མཁའི་ཕོ་བྲང་དུ་བསྐྱོད་དེ།  རུ་མི་དང་མཉམ་དུ་འཛམ་གླིང་ལ་འཚོལ་ཞིབ་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།

མུའུ་ཧན་མུའུ་ཏི·ཆི་ཧྲང·ཨ་ལི་ནི་ཀྲུང་གོའི་མི་སྡོད་མཁའ་སྐྱོད་བཟོ་སྐྲུན་གྱིས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཉམ་ལས་གྲོས་མཐུན་ལ་གཞིགས་ནས་བདམས་པའི་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་མཁའ་སྐྱོད་པ་སྐོར་ཐེངས་དང་པོའི་གྲས་ཀྱི་གཅིག་རེད། སྔོན་ཆད་མཁའ་དམག་གི་འཕུར་སྐྱོད་པ་ཡིན་པའི་ཁོ་རང་ཀྲུང་གོར་ཡོང་ནས་ཟླ་བ་བདུན་ཡས་མས་ཀྱི་སྦྱོང་བརྡར་དང་ལེན་བྱས་ཤིང་། ཐེག་ཚད་ཆེད་མཁས་པའི་ཐོབ་ཐང་གིས་ལྷ་གྲུ་ཉེར་བཞི་པའི་མི་སྡོད་འཕུར་སྐྱོད་ལས་འགན་ཚོ་ཆུང་ནང་བདམས་པ་རེད།

མཁའ་སྐྱོད་པ་མུའུ་ཧན་མུའུ་ཏི·ཆི་ཧྲང·ཨ་ལི་ཡིས་བཤད་རྒྱུར།     ངས་ཐེངས་དང་པོར་མཁའ་སྐྱོད་ཀྱི་ལས་འགན་ལག་བསྟར་བྱེད་པ་འདིས་རང་ཉིད་ཀྱི་ཚབ་བྱེད་པ་ཙམ་མ་ཡིན་པར།  དེ་ལས་ཀྱང་ང་ཚོའི་རྒྱལ་ཁབ་ཀྱི་ཚབ་བྱེད་པ་ཡིན།   ཀྲུང་གོ་སྲིད་གཞུང་གིས་ང་ལ་མཁའ་སྐྱོད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་རོགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན།

ད་ཐེངས་ཀྱི་ལས་འགན་ནང་།  སྐྱེ་དངོས་ལག་རྩལ་དང་རྒྱུ་ཆའི་ཁྱབ་ཁོངས་ལ་ཕྱོགས་པའི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཉམ་ལས་ཚན་རིག་ལས་གཞི་བཞི་སྤེལ་རྒྱུ་ཡིན་པ་དང་།   ཕ་ཁི་སི་ཐན་གྱི་མཁའ་སྐྱོད་པས་འཁོར་ལམ་ཐོག་འོད་སྦྱོར་སྐྱེ་དངོས་ཕྲ་རབ་ཆུ་རྩྭ་སྔོན་པོར་ཚོད་ལྟ་བྱ་རྒྱུ་ཡིན་པ་མ་ཟད།  འཆར་གཞི་ལྟར།  བར་སྣང་ས་ཚིགས་སུ་དུས་ཐུང་བཅའ་སྡོད་བྱས་རྗེས། ལྷ་གྲུ་ཉེར་གསུམ་པའི་མི་སྡོད་འཕུར་གྲུ་དང་མཉམ་དུ་ཕྱིར་ལོག་རྒྱུ་རེད།    ལྷ་གྲུ་ཉེར་གསུམ་པའི་མཁའ་སྐྱོད་ཚན་ཆུང་གི་མཁའ་སྐྱོད་པ་ཀྲུའུ་དབྱང་ཀྲུའུ་མུ་མཐུད་དུ་འཁོར་ལམ་དུ་བསྡད་དེ། ལྷ་གྲུ་ཉེར་བཞི་པའི་མི་སྡོད་འཕུར་སྐྱོད་ལས་འགན་ལག་བསྟར་བྱ་རྒྱུ་ཡིན་ཞིང་།   རང་རྒྱལ་གྱི་འཁོར་ལམ་དུ་ལོ་གཅིག་རིང་བཅའ་སྡོད་བྱེད་མཁན་གྱི་མཁའ་སྐྱོད་པ་ཐོག་མར་འགྱུར་རྒྱུ་རེད།

མིག་སྔར།  ད་ཐེངས་ཀྱི་འཕེན་གཏོང་ལས་འགན་སྒྲུབ་མཁན་རྒྱང་སྐྱོད་གཉིས་པFརྒྱང་བརྟག24ཡི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ལ་སྐུལ་འདེད་གཏོང་རྫས་ཁ་སྣོན་བྱས་ཡོད།  མཁའ་སྐྱོད་པའི་ཚན་ཆུང་གི་རྣམ་པ་ཡག་པོ་ཡོད་པ་དང་། ས་ངོས་མ་ལག་གི་སྒྲིག་བཀོད་སྒྲིག་ཆས་འཁོར་སྐྱོད་བརྟན་པོ་ཡིན་ལ། བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་གི་རྣམ་པ་རྒྱུན་ལྡན་ཡིན་པ་དང་། འཕེན་གཏོང་ལས་འགན་སྒྲུབ་པའི་མཐུན་རྐྱེན་འཛོམས་ཡོད།