ཞི་ཅིན་ཕིང་གིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ11པའི་ཚེས24ཉིན་ནས་ཚེས25ཉིན། རྒྱལ་ཡོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལས་དོན་ཚོགས་འདུ་པེ་ཅིང་དུ་ཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

ཉེ་ཆར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ་ནན་གྱིས་བསྟན་དོན།   ལོ་ལྔའི་རིང་། ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་སྒྲིག་སྲོལ་ལྟར་ཏང་སྐྱོང་བར་ཇུས་འགོད་དང་སྐུལ་འདེད་བཏང་སྟེ།  ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ཏན་ཏིག་ནུས་ལྡན་དང་ཕན་འབྲས་མངོན་གསལ་ཡིན།  འཐབ་ལམ་གསར་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། དུས་རབས་གསར་པའི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་ཏན་ཏིག་བྱེད་པ།  སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་བྱ་བ་དེ་ཏང་དོ་དམ་དང་ཏང་སྐྱོང་བའི་གཞི་རྩའི་བྱེད་ཐབས་སུ་བརྩི་བར་རྒྱུན་འཁྱོངས་བྱེད་དགོས། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པར་དམ་པོར་དམིགས་ཏེ། སྟོང་ཆ་སྐོང་བ་དང་ཞན་ཆ་ཁ་གསབ་བྱས་ཏེ།  ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་རྒྱུན་མཐུད་ངང་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་དགོས།  ལམ་ལུགས་མ་ལག་འདུས་གྲུབ་བྱེད་པར་སྔར་བས་མཐོང་ཆེན་བྱེད་པ་དང་། ལམ་ལུགས་ཀྱི་སློབ་སྦྱོང་དང་སློབ་གསོར་སྔར་བས་མཐོང་ཆེན་བྱེད་དགོས། ལམ་ལུགས་ལག་བསྟར་ལ་སྔར་བས་དོ་སྣང་དང་། ཏང་ནང་གི་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འབྲེལ་མཐུད་མཐུན་སྦྱོར་ཡོང་བར་སྔར་ལས་དོ་སྣང་བྱེད་པ།   ཕྱོགས་ཡོངས་ནས་རྒྱུན་འཁྱོངས་ལྷོད་མེད་ངང་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བ་དང་།  ཏང་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་བརྟན་པོར་འགྱུར་བར་ཁག་ཐེག་བྱེད་པར་སྔར་བས་ནུས་ལྡན་གྱི་ལམ་ལུགས་འགན་སྲུང་འདོན་སྤྲོད་བྱ་དགོས།

རྒྱལ་ཡོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལས་དོན་ཚོགས་འདུ་ཚེས24ཉིན་ནས་ཚེས25ཉིན་བར་པེ་ཅིང་དུ་ཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

ཚའེ་ཆི་ཡིས་གསུང་བཤད་ཁྲོད་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནི་ཐུགས་དགོངས་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པས། ཆབ་སྲིད་ཀྱི་རང་བཞིན་དང་མཛུབ་སྟོན་གྱི་རང་བཞིན། དམིགས་གཏད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། འཐབ་ལམ་གསར་པའི་སྟེང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད་པས། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས།

ཚའེ་ཆི་ཡིས་བསྟན་དོན། ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་སྲོག་ཤིང་དོན་སྙིང་གི་གྲས་ཤིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་ཐད་ལ་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ། ཅིའི་ཕྱིར་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་དང་། ཇི་ལྟར་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་ལན་ཟབ་མོ་བཏབ་ཡོད་པས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལས་དོན་ཡག་པོར་སྒྲུབ་པར་སྲུང་བྱ་གལ་ཆེན་འདོན་སྤྲོད་བྱས་ཡོད།

ཚའེ་ཆི་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ། ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ནང་གི་ཁྲིམས་སྲོལ་ལས་དོན་གྱི་སྤུས་འདེགས་ཕན་སྐྱེད་གཙོ་གནད་འབུར་ཐོན་ཡོང་བར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་མཐར་ཕྱིན་བྱེད་པར་ཁག་ཐེག་བྱེད་དགོས། སྲིད་འབྲས་ལྟ་བ་ཡང་དག་ལ་བརྟེན་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལས་དོན་ཡག་པོར་བསྒྲུབ་སྟེ། གནད་འཁེལ་དངོས་གཉེར་གྱིས་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པར་སྐུལ་འདེད་གཏོང་དགོས་ལ། མ་ལག་ཆ་ཚང་དང་ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་ལ་བརྟེན་ནས་ལས་ཀའི་ཕན་ནུས་ཆེ་རུ་གཏོང་དགོས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཀྱི་འགྱུར་མེད་གཅུན་སྡོམ་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཀྱི་སློབ་སྦྱོང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་གྱི་ཕན་འབྲས་ཆེ་རུ་ཧུར་ཐག་གཏོང་བ་བཅས་བྱེད་དགོས།

ཧྲི་ཐའེ་ཧྥིན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་དང་། ལི་ཀན་ཅེ་དང་ལི་ཧྲུའུ་ལེ་ཚོགས་འདུར་ཞུགས་ཡོད།

 འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱི་འགན་འཁུར་བློ་མཐུན་གྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།

ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་སྟོང་སྡེ་ཆེན་མོའི་ཏང་ཨུ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ཁེ་ལས་དང་ཀྲུང་དབྱང་གི་ཁེ་ལས་ཁག་ཅིག འབྲེལ་ཡོད་མཐོ་རིམ་སློབ་གྲྭ། ཀྲུང་དབྱང་དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད།