ཞི་ཅིན་ཕིང་དང་ཕ་ཁི་སི་ཐན་གྱི་སྲིད་འཛིན་གཉིས་ཀྱིས་ཀྲུང་ཕའི་མཁའ་སྐྱོད་པས་མཉམ་འབྲེལ་འཕུར་སྐྱོད་ལས་འགན་སྒྲུབ་པའི་ཐད་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

  ཟླ11པའི་ཚེས25ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕ་ཁི་སི་ཐན་གྱི་སྲིད་འཛིན་ཀྲ་ཨར་ཏ་ལི་གཉིས་ཀྱིས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཁའ་སྐྱོད་པས་མཉམ་འབྲེལ་འཕུར་སྐྱོད་ལས་འགན་སྒྲུབ་པར་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། ཕ་ཁི་སི་ཐན་གྱི་མཁའ་སྐྱོད་པ་ཀྲུང་གོའི་ལྷ་གྲུ་འཕུར་གྲུར་བསྡད་དེ་བདེ་བླག་ངང་མཁའ་དབྱིངས་སུ་ཐེངས་དང་པོར་བསྐྱོད་པ་དང་། ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་རྒྱལ་ཁབ་གཞན་གྱི་མཁའ་སྐྱོད་པ་ཐོག་མར་གྱུར་པ་ཐོས་པས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ནས། ཁྱེད་ཚོའི་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མི་དམངས། རྒྱལ་ཁབ་གཉིས་ཀྱི་མཁའ་སྐྱོད་པ་དང་དེ་བཞིན་མཁའ་སྐྱོད་ལས་དོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་དུས་རྣམ་ཀུན་གྱི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན། ཕྱི་འབྲེལ་བཙུགས་ནས་ལོ75ཡི་རིང་། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་མཛའ་བརྩེ་ནི་ཐོག་མཐའ་བར་གསུམ་དུ་རྡོ་རྗེ་བྲག་ལྟར་བརྟན་ལ་གཞོམ་གཞིག་བྲལ་བ་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱི་མཁའ་སྐྱོད་པས་ལག་གདང་སྦྲེལ་ནས་ནམ་འཕང་བཅད་པ་ནི། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་མཛའ་བརྩེ་ཟབ་མོའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་གྲུབ་འབྲས་གལ་ཆེན་གསར་པ་ཞིག་ཀྱང་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་བར་སྣང་ས་ཚིགས་ནི་ཞི་བདེའི་གྲུ་གཟིངས་དང་། མཛའ་བརྩེའི་གྲུ་གཟིངས། མཉམ་ལས་གྲུ་གཟིངས་བཅས་ཡིན། ཀྲུང་གོས་ཕ་ཁི་སི་ཐན་ཚུད་པའི་རྒྱལ་ཁབ་ཁག་དང་མཉམ་དུ། ཞི་བས་ཕྱི་རིམ་བར་སྣང་བེད་སྤྱོད་བྱེད་པའི་དར་ཆ་མཐོན་པོར་བསྒྲེངས་ནས། མཁའ་སྐྱོད་ཀྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མཁའ་ཕྱིའི་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་པ་འཐུས་ཚང་དུ་བཏང་སྟེ། མཁའ་ཕྱིའི་འཚོལ་ཞིབ་གྲུབ་འབྲས་ཀྱིས་མིའི་རིགས་ཡོངས་ལ་ཕན་ཐོགས་སྔར་ལས་ལྷག་པ་ཡོང་བར་བྱེད་འདོད་ཡོད།

ཀྲ་ཨར་ཏ་ལི་ཡིས་བསྟན་དོན།  ཕ་ཁི་སི་ཐན་དང་ཀྲུང་གོའི་བར་ཕྱི་འབྲེལ་བཙུགས་ནས་ལོ75འཁོར་བའི་སྐབས་འདིར། ཕ་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ལོ་རྒྱུས་རང་བཞིན་གྱི་མཁའ་སྐྱོད་མཉམ་ལས་བསྒྲུབས་པ་དང་། ཕ་ཁི་སི་ཐན་གྱི་མཁའ་སྐྱོད་པ་ཐོག་མ་དེ་ཀྲུང་གོའི་བར་སྣང་ས་ཚིགས་སུ་སླེབས་པ་རེད། ངས་ཕ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ནས་ཀྲུང་གོའི་སྲིད་གཞུང་དང་སྤུན་ཟླ་ལྟ་བུའི་ཀྲུང་གོའི་མི་དམངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  ཐེངས་འདིའི་མཉམ་ལས་སྟེང་ནས་ཀྲུང་གོའི་མཁའ་སྐྱོད་ཚན་རྩལ་གྱི་ཐུན་མོང་མ་ཡིན་པའི་གྲུབ་འབྲས་མངོན་ལ། ཀྲུང་གོས་ཞི་བས་མཁའ་ཕྱི་བེད་སྤྱོད་བྱ་རྒྱུར་གཞོལ་བའི་ལངས་ཕྱོགས་བརྟན་པོ་མཚོན་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་དོན་སྙིང་གལ་ཆེན་མངོན་ཡོད་པས། ཕ་ཁི་སི་ཐན་དང་ཀྲུང་གོའི་བར་གྱི་མཛའ་བརྩེ་སྔར་བས་སྲ་བརྟན་དུ་འགྲོ་ངེས་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་དུས་རྣམ་ཀུན་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་བས་ཆུ་ཚད་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་ངེས་རེད།

​