
ཟླ11པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཀྲུའུ་ཀི་ཡུས་ཅེ་ཡིས་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་འཛིན་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་བཅུ་གཅིག་པའི་བཀོད་སྒྲིག་དོན་འཁྱོན་ནན་མོ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་དགོས།
ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བ་རུ་སོང་ནས། ཀྲུའུ་ཀི་ཡུས་ཅེ་ཡིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་། ལས་ཞུགས་འབབ་འཕར་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཚང་མས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་གོང་འཕེལ་གཏོང་བ། མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྣེ་ཁྲིད་བྱས་ནས། པན་ཡན་སྡེ་བ་སྔར་ལས་མཛེས་པ་དང་སྡེ་དམངས་སྔར་ལས་ཕྱུག་པོར་འགྱུར་བར་བྱེད་རྒྱུའི་སྐུལ་མ་བཏང་། ཧུའུ་ཀྲུའུ་མཐོ་སྒང་ཁྱད་ལྡན་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་དང་ལའོ་ཏུའུ་མཐོ་སྒང་ལྗང་མདོག་སྔོ་ཚལ་མྱུག་གསོ་རྟེན་གཞི་རུ། ཁོས་ཡུལ་དངོས་ནས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་ནན་གྱིས་བསྟན་དོན། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་ལག་རྩལ་ཆུ་ཚད་ཇེ་མཐོར་བཏང་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཚལ་སླེ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། གོ་རིམ་ལྡན་པའི་སྒོ་ནས་སྤུས་ཚད་མཐོ་བའི་ཕྱི་ཕྱོགས་ཕྱིར་གཏོང་རྒྱ་བསྐྱེད་དགོས། མཚོ་ཤར་ཧུང་ཧྲི་ཕྱེད་འདྲེན་གཟུགས་ཚད་ཡོད་ཀུང་སི་དང་ཀྲུང་གོའི་སྤོ་སྒུལ་མཐོ་སྒང་གི་གཞི་གྲངས་ཆེན་མོའི་ལྟེ་གནས་སུ། ཁོས་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་སྐྱོད་དང་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་གསལ་བྱས་ནས་ནན་གྱིས་བསྟན་དོན། གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་ལྗང་མདོག་ཧ་ཡང་དང་ལྗང་མདོག་རྩིས་ནུས་སོགས་མཚོ་ཤར་གྱི་ཁྱད་ཆོས་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས། གྲོ་ཚང་རྡོ་རྗེ་འཆང་དུ། ཁོས་རིག་དངོས་སྲུང་སྐྱོབ་དང་ཉིན་རྒྱུན་གྱི་དོ་དམ་སོགས་གནས་ཚུལ་གསལ་བོར་དྲིས་ནས་ནན་གྱིས་བསྟན་དོན། རྩ་ཆེ་བའི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། རིག་དངོས་ཀྱི་དུས་རབས་རིན་ཐང་སྔོག་འདོན་གང་ལེགས་བྱས་ཏེ། རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་ཡུལ་སྐོར་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
རྟོག་ཞིབ་བྱེད་སྐབས། དཔལ་འབྱོར་བྱ་བའི་གྲོས་ཚོགས་བསྡུས་པ་དང་། ཀྲུའུ་ཀི་ཡུས་ཅེ་ཡིས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ་དང་། ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་ཁྲོད་མཉམ་འདྲེས་གཏིང་ཟབ་བྱེད་པ། ཟི་ལིང་དང་མཚོ་ཤར་གྱི་གྲོང་ཚོམས་གཞི་གཅིན་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་སྒྱུར་བྱས་ནས། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ། སྤྱི་ཚོགས་གཏན་འཇགས་བཅས་བྱ་བ་དམ་འཛིན་ནན་མོ་བྱེད་དགོས།
ཀྲང་ཅིན་ཀང་རྟོག་ཞིབ་ལ་ཞུགས།