ཡེ་མིན་ཧུའུ་སེ་དྲག་ཆས་ཀྱིས་སོ་ཏི་ཨ་རབ་ཀྱི་བར་སྣང་འཇབ་རྒོལ་ལས་མི19རྐྱེན་ལན་དུ་ཤོར་བ་དང་མི25ལ་རྨས་ཕོག་ཡོད་ཅེས་བསྟན།
ཁུངས། ཀློག་གྲངས།

སཱ་ནཱའི་གནས་ཚུལ་ལྟར་ན། ཡེ་མིན་ཧུའུ་སེ་དྲག་ཆས་ཀྱིས་ཚེས26ཉིན་བཤད་རྒྱུར། འདས་པའི་ཆུ་ཚོད48རིང་། ཡེ་མིན་གྱི་ཞིང་ཆེན་མང་པོར་སོ་ཏི་ཨ་རབ་ཀྱི་བར་སྣང་འཇབ་རྒོལ་ཐེབས་པས། མི་བཅུ་དགུ་རྐྱེན་ལན་དུ་ཤོར་བ་དང་། མི་ཉེར་ལྔ་ལ་རྨས་ཕོག་ཅིང་། ཤི་རྨས་ཐེབས་མཁན་ཁྲོད་བུད་མེད་དང་བྱིས་པའང་ཡོད་ཟེར།

ཧུའུ་སེ་དྲག་ཆས་ཀྱིས་ཚོད་འཛིན་བྱས་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཉིན་དེར་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་ཀྱིས་ཉིན་དེར་སཱ་ནཱའི་བྱང་རྒྱུད་ཀྱི་པཱ་ཉི་ཧྭ་ལི་སི་ས་ཁུལ་གྱི་ཞོག་ཁོག་ལས་སྣོན་བཟོ་གྲྭ་ཞིག་དང་དེའི་མཛོད་ཁང་ལ་བར་སྣང་འཇབ་རྒོལ་ཐེངས་གསུམ་བྱས་སྟབས། བཟོ་གྲྭ་དེའི་བུད་མེད་ལས་བཟོ་པར་རྨས་སྐྱོན་ཕོག་ཡོད་ཟེར།

ཧུའུ་སེ་དྲག་ཆས་ཀྱི་ཚོད་འཛིན་ཁུལ་གྱི་དམངས་སྲུང་སྡེ་ཁག་གིས་ཉིན་དེར་བཤད་རྒྱུར། སྡེ་ཁག་དེའི་རྒུད་སྐྱོབ་མི་སྣས་གོང་གསལ་གྱི་ས་ཁུལ་དུ་མེ་གསོད་སྐབས་ཡང་བསྐྱར་བར་སྣང་འཇབ་རྒོལ་ཐེབས་པས། མེ་ཟོན་མཁན་ལ་རྨས་སྐྱོན་ཕོག་པ་དང་། མེ་ཟོན་རླངས་འཁོར་ལ་གཏོར་སྐྱོན་ཐེབས་ཟེར།

མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། འཇབ་རྒོལ་བྱེད་པའི་དམིགས་ཡུལ་ལ་ད་རུང་ཧུང་ཧའེ་རྒྱ་མཚོའི་འགྲམ་རྒྱུད་ཀྱི་ཧི་ཐེ་ཏཱ་ཞིང་ཆེན་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭ་ཞིག་དང་། ཡེ་མིན་ནུབ་བྱང་རྒྱུད་ཀྱི་ཧྭ་ཅེ་ཞིང་ཆེན། དེ་ལས་གཞན་བྱང་རྒྱུད་ཀྱི་མཐའ་མཚམས་ཞིང་ཆེན་སཱ་ཏཱ་ཞིང་ཆེན་བཅས་ས་ཁུལ་མང་པོ་འདུས་ཡོད་ཟེར།

ཧི་ཐེ་ཏཱ་ཞིང་ཆེན་གྱི་སྡོད་དམངས་ཀྱིས་བཤད་པའི་གནས་ཚུལ་ལྟར་ན། ས་གནས་དེ་གར་འབར་གས་ཀྱི་སྒྲ་ཆེན་པོ་ཞིག་གྲག་པ་དང་། གྲོང་ཁྱེར་དེའི་མཚོ་འགྲམ་གྱི་ཐོག་ཁང་ཞིག་གི་ཁོངས་གཏོགས་མཚོ་དམག་སློབ་གླིང་གི་བཟོ་སྐྲུན་ཞིག་ལ་བར་སྣང་འཇབ་རྒོལ་ཐེབས་ནས་མི་སྣར་ཤི་རྨས་ཐེབས་ཡོད་ཟེར།

དེ་ལས་གཞན། ཡེ་མིན་ཧུའུ་སེ་དྲག་ཆས་ཀྱིས་ཚེས26ཉིན་བསྟན་དོན། རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་གཞོགས་འདེགས་འོག ཡེ་མིན་གྱི་འགལ་བའི་ཕྱོགས་གཉིས་ཀྱིས་མི་ཆོས་རིང་ལུགས་ཀྱི་གྲོས་མཐུན་ལྟར་དྲག་ཆས་མི་སྣ་སོ་ལྔའི་བེམ་པོ་བརྗེ་རེས་བྱས་ཟེར།

2014ལོར། ཧུའུ་སེ་དྲག་ཆས་ཀྱིས་སཱ་ནཱ་འཕྲོག་པ་དང་། ཡེ་མིན་སྲིད་གཞུང་དེ་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཡ་ཏིན་དུ་མི་སྤོར་ཐབས་མེད་བྱུང་།2015ལོར། སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱས་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དཔུང་ཡེ་མིན་འགལ་བའི་ཁྲོད་ཞུགས་པ་དང་། ཡེ་མིན་སྲིད་གཞུང་གིས་ཧུའུ་སེ་དྲག་ཆས་ལ་རྡུང་རྡེག་གཏོང་བར་རྒྱབ་སྐྱོར་བྱས། ཉེ་ལམ། སོ་ཏི་ཨ་རབ་དང་ཧུའུ་སེ་དྲག་ཆས་ཀྱི་ཕན་ཚུན་འཇབ་རྒོལ་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གྱུར། དེ་དང་མཉམ་དུ། ཧུའུ་སེ་དྲག་ཆས་དང་སོ་ཏི་ཨ་རབ་ཀྱིས་རྒྱབ་སྐྱོར་བྱེད་པའི་ཡེ་མིན་སྲིད་གཞུང་གི་འཐབ་ཕྱོགས་མང་པོའི་དམག་འཁྲུག་ཀྱང་ཉིན་རེར་ཛ་དྲག་ཏུ་གྱུར།

ལྷ་མོ་འཚོས་བསྒྱུར།