ཏུང་ཧྥིན་འབབ་ཐང་གིས་གྲ་སྒྲིག་ལེགས་འགྲུབ་བྱུང་སྟེ་ལྷ་གྲུ་ཉེར་གསུམ་པའི་འཕུར་གྲུ་ཕྱིར་ལོག་པར་བསུ་མ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཚེས26ཉིན།  ཏུང་ཧྥིན་འབབ་ཐང་གིས་འཚོལ་སྐྱོབ་ཀྱི་སྟོབས་ཤུགས་ཡོད་ཚད་རྩ་འཛུགས་བྱས་ཏེ། ལྷ་གྲུ་ཉེར་གསུམ་པའི་མི་སྡོད་འཕུར་གྲུ་ཕྱིར་ལོག་སྔོན་གྱི་མ་ལག་ཆ་ཚང་གི་ཕྱོགས་བསྡུས་འཁྲབ་སྦྱོང་བྱས་ཏེ། མཁའ་སྐྱོད་པ་ཕྱིར་ཁྱིམ་དུ་ལོག་པར་བསུ་མ་བྱེད་པའི་གྲ་སྒྲིག་ལེགས་པོ་བྱས།

ཐེངས་འདིའི་འཁྲབ་སྦྱོང་ནང་ཞུགས་པའི་འཚོལ་སྐྱོབ་ཚུར་བསྡུའི་སྟོབས་ཤུགས་ཀྱི་ནང་དུ་ས་ངོས་ཡན་ལག་རུ་ཁག་གི་བཀོད་འདོམས་རླངས་འཁོར་དང་། འཚོལ་ཞིབ་རླངས་འཁོར། འཕྲིན་གཏོང་རླངས་འཁོར། སྨན་བཅོས་ལྟ་ཞིབ་རླངས་འཁོར་སོགས་རླངས་འཁོར་སྒྲིག་ཆས་དང་། དེ་བཞིན་བར་སྣང་ཡན་ལག་རུ་ཁག་གི་གྱེན་འཕུར་གནམ་གྲུ5ཚུད་ཡོད། འཁྲབ་སྦྱོང་གི་སྐབས་སུ་བར་སྣང་ཡན་ལག་རུ་ཁག་གིས་འབབ་གནས་ལ་གཞིགས་ཏེ་བརྡ་ཁྱབ་བཏང་པ་དང་།  གནད་ལ་འཁེལ་བའི་སྒོ་ནས་ཕྱིར་ལོག་གྲུ་ཚང་གི་མཐའ་འཁོར་དུ་སར་བབས་ཏེ་གྲུ་ཚང་བདེ་བླག་ངང་སར་བབས་པ་མངོན་འགྱུར་བྱུང་།

ལྷ་གྲུ་ཉེར་གསུམ་པའི་མི་སྡོད་འཕུར་གྲུ་འཚོལ་སྐྱོབ་ཚུར་བསྡུའི་ལས་འགན་གྱི་བར་སྣང་ཡན་ལག་རུ་ཁག་གི་ལིའུ་ལེའང་གིས་བཤད་རྒྱུར། ཐེངས་འདིའི་འཚོལ་སྐྱོབ་ལས་འགན་དེ་མཚན་མོའི་མྱ་ངམ་ཐང་དུ་སྤེལ་བ་དང་།  ང་ཚོས་འཕུར་ཐེངས26སྤེལ་ནས་མཚན་མོའི་མུན་ཁང་གི་འཕུར་སྐྱོད་དང་བྱེ་རྡུལ་ས་ཆར་འཕུར་འབབ་སྦྱོང་བརྡར་བཅས་རྩ་འཛུགས་བྱས་ཤིང་།  ད་ལྟ་མི་སྣའི་སྒྲིག་ཆས་གྲ་སྒྲིག་ཚགས་སུ་ཆུད་ཡོད་ཟེར།  

རྒྱུས་ལོན་བྱུང་བ་ལྟར་ན། ལྷ་གྲུ་ཉེར་གསུམ་པའི་མི་སྡོད་འཕུར་གྲུ་སྔོན་དཔག་བྱས་ན་སར་འབབ་པའི་དུས་ཚོད་ནི་ཐོ་རེངས་ཀྱི་དུས་མཚམས་ཡིན་པ་དང་། ས་ངོས་ཡན་ལག་རུ་ཁག་གིས་གྲང་འགོག་བྱེད་ཐབས་གཙོར་བཟུང་སྟེ་ཤུགས་སྣོན་དང་།   སྨན་བཅོས་ལྟ་ཞིབ་དང་སྨན་བཅོས་འགན་སྲུང་གི་རྣམ་པ་ལས་མི་སྒེར་ཅན་གྱི་བདེ་ཐང་དཔྱད་དཔོག་དང་ལྟ་སྐྱོང་གི་ཇུས་གཞི་སྔར་བས་ཞིབ་ཕྲ་བཟོས།

ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱི་ཁྲུའུ་ཝེ་ཡིས་བཤད་རྒྱུར།    ང་ཚོས་བར་སྣང་དང་ས་ངོས་གཉིས་ཟུང་འབྲེལ་གྱི་རྣམ་པ་བརྒྱུད།   བར་སྣང་དུ་མི་མེད་གནམ་གྲུས་གནམ་ཡོལ་ཆེན་པོའི་འོད་མཁོ་འདོན་བྱས་ཤིང་།  ས་ངོས་སུ་གློག་སྒྲོན་ཆ་མང་པོས་ཕྱིར་ལོག་གྲུ་ཚང་གི་ལས་སྒྲུབ་ལྟེ་ཁུལ་དུ་འོད་བཀྲ་བར་བྱས་ཏེ།  ལས་རྐང་སོ་སོའི་མི་སྣས་གསལ་པོར་མཐོང་ཐུབ་པ་དང་གནད་འཁེལ་ཡོང་བར་འགན་སྲུང་བྱས་ཡོད་ཟེར།

ད་ལྟ།  ཏུང་ཧྥིན་འབབ་ཐང་གི་འཚོལ་སྐྱོབ་སྟོབས་ཤུགས་སོ་སོས་གྲ་སྒྲིག་ཚགས་སུ་ཆུད་པ་དང་།   སྒྲིག་ཆས་ཀྱི་རྣམ་པ་བཟང་ལ། གནམ་གཤིས་ཀྱི་ཆ་རྐྱེན་གྱིས་ཀྱང་ལས་འགན་གྱི་བླང་བྱ་སྐོང་ཐུབ་པ་དང་།  ཕྱིར་ལོག་གི་ལས་འགན་ལག་བསྟར་བྱེད་པའི་ཆ་རྐྱེན་འཛོམས་པ་རེད།