རང་རྒྱལ་གྱིས“མི་ཐབས་རིག་ནུས་དང་བཟོ་སྐྲུན”ཟུང་འབྲེལ་གྱི་ཆེད་དོན་འགུལ་སྐྱོད་མགྱོགས་མྱུར་སྒོས་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ད་ལོའི་ཚུན་དུ། རང་རྒྱལ་གྱིས“མི་ཐབས་རིག་ནུས་དང་བཟོ་སྐྲུན”ཟུང་འབྲེལ་གྱི་ཆེད་དོན་འགུལ་སྐྱོད་དངོས་སུ་སྤེལ་འགོ་བརྩམས་ནས། བཀོལ་སྤྱོད་ཀྱི་རིམ་ངོས་ནས་མི་ཐབས་རིག་ནུས་གཞི་རྩའི་ཆ་ནས་ཞིབ་སྤེལ་ཇུས་འགོད་དང་ཐོན་སྐྱེད་བཟོ་སྐྲུན། སྤུས་བཤེར་དང་འཁོར་སྐྱོད་བདག་སྐྱོང་སོགས་ཀྱི་མུ་ཕྲེང་ཧྲིལ་པོར་ཁྱབ་པར་བྱས་ཡོད།

རྣོ་ལྕགས་བཟོ་གྲྭ་འདིའི་ཐོན་སྐྱེད་ལས་རིམ་སྟེང་། རྣོ་ལྕགསAIལྗིད་འདེགས་གཏུབ་གཅོད་མ་ལག་ཆ་ཚང་ཞིག་གིས་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་སྒྱུར་བཞིན་ཡོད། སྔོན་ཆད་རྣོ་ལྕགས་གཏུབ་གཅོད་ཀྱི་མང་ཉུང་ཐད་ནས་ལག་རྩལ་པས་མེའི་ཆེ་ཆུང་དང་ལྕགས་སྦྱོང་ཐབ་ཀའི་སྒྲ་ལ་ཉན་པའི་ཉམས་མྱོང་ལ་བརྟེན་ནས་བརྡར་ཤ་གཅོད་པ་དང་། ད་ལྟ། བཟོ་བཀོད་པས་རྣོ་ལྕགས་བཟོ་གྲྭའི་ལོ་ལྔའི་རིང་གི་ཐོན་སྐྱེད་ཟིན་ཐོ་དང་ལག་རྩལ་པ་རྒན་པ་དང་ཆེད་མཁས་པའི་ཉམས་མྱོང་སྟོང་ཕྲག་གཉིས་ཙམAIབརྒྱུད་དེ་ཡང་དང་བསྐྱར་དུ་སློབ་སྦྱོང་དང་བཀོལ་སྤྱོད་བྱས་ནས། གཏུབ་གཅོད་བྱས་པའི་རྣོ་ལྕགས་ཀྱི་ཧེ་བག0.2%ནང་ཚོད་འཛིན་བྱེད་ཐུབ་པ་དང་། ཞིབ་ཚད་ཐད་ནས་སྐྲ་སྐུད་གཅིག་གི་ཚངས་ཐིག་ལས་ཕྲ།

ཨན་ཧུའེ་བཟོ་ལས་སློབ་ཆེན་ལྕགས་བཞུ་བཟོ་སྐྲུན་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཀྲང་ལི་ཆང་གིས་བཤད་རྒྱུར། བཟོ་རྩལ་ཆེད་མཁས་པའི་བརྡར་གཅོད་ཉམས་མྱོང་དེ་དཔེ་དབྱིབས་ཀྱི་སྦྱོང་བརྡར་ཁྲོད་འདྲེས་པར་བྱས་ཡོད་ལ། དེ་ནི་ཐོན་སྐྱེད་ལས་རིམ་ཧྲིལ་བོརCTབཤེར་འབེབས་ཡོ་ཆས་སྒྲིག་སྦྱོར་བྱས་པ་དང་འདྲ་ཟེར།

རིག་ནུས་ཡོ་བྱད་འདི་བཀོལ་སྤྱོད་བྱས་རྗེས། ཁེ་ལས་ཀྱིས་ལྕགས་སྦྱང་གི་མ་རྩ་ཉུང་གཏོང་དང་འབར་རྫས་ཟད་གྲོན་ཉུང་འཕྲི་བྱེད་པ་བརྒྱུད་དེ། བསྡོམས་པས་དཔལ་འབྱོར་ཕན་འབྲས་སྒོར་དུང་ཕྱུར2ལྷག་བསྐྲུན་ཐུབ། ད་ལོ་ནས་བཟུང་། རང་རྒྱལ་གྱིས་རྣོ་ལྕགས་དང་རླངས་འཁོར། གསོ་རིག་སྨན་རྫས་སོགས་ལས་རིགས20རུ་ཉེར་སྤྱོད་ཡུལ་རྣམ1000ལྷག་བསྐྲུན་པ་དང་། བཟོ་ལས་རིག་ནུས་ཡོ་བྱད100ལྷག་འདེམས་སྒྲུག་ཁྱབ་གདལ་བཏང་། སྔོན་ཆད་མི་ཐབས་རིག་ནུས་ཉེར་སྤྱོད་ཐད་ནས་གཙོ་བོར་ཐོན་སྐྱེད་སྣེ་ལ་དམིགས་ཏེ་ལས་རིམ་ཆ་ཤས་ཀྱི་དཀའ་གནད་ཐག་གཅོད་བྱེད་ཀྱིན་ཡོད། ད་ལོའི་ཚུན་དུ། “མི་ཐབས་རིག་ནུས་དང་བཟོ་སྐྲུན”ཟུང་འབྲེལ་གྱི་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་བསྟུན་ནས། ཉེར་སྤྱོད་ཀྱི་མཐའ་མཚམས་མགྱོགས་མྱུར་ངང་སྟོད་རྒྱུད་ཀྱི་ཞིབ་སྤེལ་ཇུས་འགོད་དང་བར་གྱི་ཚོད་ལྟ་ཞིབ་དཔྱད། སྨད་རྒྱུད་ཀྱི་སྤུས་བཤེར། འཁོར་སྐྱོད་དོ་དམ་སོགས་ཀྱི་མུ་ཕྲེང་ཧྲིལ་བོའི་ནང་བཅུག་ནས། བཟོ་སྐྲུན་གྱི་ལས་རིམ་རེ་རེ་བཀག་མེད་ཡོང་བར་བྱས། དེ་དང་མཉམ་དུ། རྒྱལ་ཁབ་ཀྱིས་ཐོག་མར་གཙོ་གནད་ལས་རིགས་ཆེན་པོ་ཁ་ཤས་སུ་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་ཉེར་སྤྱོད་ཀྱི་བར་གནས་ཚོད་ལྟའི་རྟེན་གཞི་སྐོར་ཞིག་བཀོད་སྒྲིག་འཛུགས་སྐྲུན་བྱས། སྔོན་ཏག་ཏག་ལ་ཁྱིམ་ཆས་གློག་ཆས་ཁྱབ་ཁོངས་ཀྱི་བར་གནས་ཚོད་ལྟའི་རྟེན་གཞི་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས།

རྒྱལ་ཁབ་མི་ཐབས་རིག་ནུས་ཉེར་སྤྱོད་བར་གནས་ཚོད་ལྟའི་རྟེན་གཞིའི(ཁྱིམ་ཆས་གློག་ཆས་ཁ་ཕྱོགས)འགན་འཁུར་བ་སུན་ཏན་ཧྥུང་གིས་བཤད་རྒྱུར། ཚོད་ལྟ་ཁང་ནང་བཀོལ་སྤྱོད་བྱེད་ཐུབ་པའི་ལག་རྩལ་གསར་པ་སྐོར་ཞིག་ཁྱིམ་ཚང་ནས་དངོས་སུ་བཀོལ་སྤྱོད་བྱེད་སྐབས་བཀོལ་མི་ཐུབ་པའི་སྣང་ཚུལ་ཡང་བྱུང་སྲིད་པས། རྗེས་ཕྱོགས། ལག་རྩལ་གསར་པ་འདི་དང་ཁེ་ལས། ཚན་རིག་ཞིབ་འཇུག་ལས་ཁུངས་སོགས་ནས་ཡང་དང་བསྐྱར་དུ་ཚོད་ལྟ་བྱས་ནས་ལག་རྩལ་ཐད་ནས་བཀག་མེད་ཡོང་བར་བྱེད་རྒྱུ་ཡིན་ཟེར།

མིག་སྔའི་བར། རང་རྒྱལ་གྱིས་བཟོ་སྐྲུན་དང་སྨན་བཅོས། འགྲིམ་འགྲུལ། འཛད་སྤྱོད་སོགས་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་ཉེར་སྤྱོད་ཀྱི་བར་གནས་ཚོད་ལྟའི་རྟེན་གཞི30ལྷག་བསྐྲུན་པ་དང་། 2027ལོར་སླེབས་དུས། རང་རྒྱལ་གྱིས་བཟོ་ལས་ཁྱབ་ཁོངས་ཀྱི་སྤུས་མཐོ་གཞི་འདུས་འདུ་ཚོགས100བསྐྲུན་ནས། ཁྱད་ལྡན་ཅན་དང་ཁྱོན་ཡོངས་ལ་ཁྱབ་པའི་ལས་རིགས་ཀྱི་དཔེ་དབྱིབས་ཆེན་པོ་གྲུབ་པར་བྱེད་རྒྱུ་རེད།