རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་དུ་འཚོགས་འགོ་བརྩམས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ་གསུམ་པའི་ཚེས་ལྔ་ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས་འགོ་བརྩམས། ཞི་ཅིན་ཕིང་དང་། ཝང་ཧུའུ་ཉིན། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲིན་སོགས་ཀྲུའུ་ཞིའི་སྟེགས་བུར་བཞུགས།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་ཚེས5ཉིན་གྱི་སྔ་དྲོར།པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་འགོ་བརྩམས། རྒྱལ་ཡོངས་དམངས་ཆེན་འཐུས་མིས་མི་དམངས་ཀྱི་མངགས་བཅོལ་དམ་པོ་ཕྲག་ཏུ་འཁུར་ནས་ཚོགས་ཆེན་ལ་ཞུགས་པ་དང་།རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་བླ་ན་མེད་པའི་འགན་འཁྲི་བསྒྲུབས།


ཟླ་གསུམ་པའི་ཚེས་ལྔ་ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་ཚོགས་འགོ་བརྩམས།


 མི་དམངས་ཚོགས་ཁང་ཆེན་མོའི་མི་ཁྲི་ཡི་ཚོགས་ཁང་ཆེན་མོར་རྔམ་བརྗིད་ལྡན་ལ་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་ཤིང་། ཀྲུའུ་ཞིའི་སྟེགས་བུའི་རྒྱལ་ཡོལ་དབུས་ཀྱི་རྒྱལ་རྟགས་ལ་དམར་མདངས་བཀྲ་བའི་དར་དམར་གྱི་རྒྱན་སྤྲས་འོག་བཀྲག་མདངས་འཚེར་བཞིན་ཡོད།ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།ལག་བསྟར་ཀྲུའུ་ཞི་ཀྲའོ་ལེ་ཅི་ཡིས་ཚོགས་ཆེན་ལ་མགོ་འཛིན་མཛད་པ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།ལག་བསྟར་ཀྲུའུ་ཞི་ལི་ཧུང་ཀྲུང་དང་། ཝང་ཏུང་མིན། ཞའོ་ཅའེ། ཀྲིན་ཅན་པང་། ཏིང་ཀྲུང་ལིས། ཚའེ་ཏ་ཧྥིན། ཧོ་ཝེ། ཝུའུ་ཝུའེ་ཧྭ། ཐའེ་ཉིན། ཕིན་ཆིང་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི་·ཀྲ་ཁེ་ཨར ། ལིག་ཆིས་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་སྟེགས་སུ་བཞུགས།

ཞི་ཅིན་ཕིང་དང་། ལི་ཆང་། ཝང་ཧུའུ་ཉིན། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲིན་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྟེགས་བུར་བཞུགས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་འོས་པའི་འཐུས་མི2878ཡིན་ལ། ཚེས5ཉིན་གྱི་སྔ་དྲོའི་གྲོས་ཚོགས་ལ་མི2765ཞུགས་ཡོད། མི་གྲངས113ལ་སླེབས་མེད་པ་དང་ཚོགས་ཞུགས་མི་གྲངས་དེ་ཁྲིམས་བཀོད་མི་གྲངས་དང་མཐུན།



ཟླ་གསུམ་པའི་ཚེས་ལྔ་ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་ཚོགས་འགོ་བརྩམས། ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད། 

སྔ་དྲོའི་ཆུ་ཚོད9པའི་སྟེང་།ཀྲའོ་ལེ་ཅི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་གནང་། ཚོགས་རའི་མི་ཡོངས་ཡར་ལངས་ནས་རྒྱལ་གླུ་བླངས།



ཟླ་གསུམ་པའི་ཚེས་ལྔ་ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་ཚོགས་འགོ་བརྩམས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།

 གྲོས་ཚོགས་ཀྱི་གྲོས་རིམ་ལྟར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་དེ་ཁག་བཞི་ལ་དབྱེ་ཡོད་དེ། གཅིག་ནི2025ལོའི་བྱ་བར་ཕྱིར་མིག་ལྟ་བ་དང་། གཉིས་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་རིང་གི་དམིགས་འབེན་གཙོ་བོ་དང་ལས་འགན་གལ་ཆེན་བསྟན་པ། གསུམ་ནི2026ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་བསྟན་པ། བཞི། 2026ལོའི་སྲིད་གཞུང་གི་ལས་འགན་བཅས་རེད།

ལི་ཆང་གིས་སྙན་ཞུའི་ནང་བསྟན་དོན། 2025ལོ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་རེད།རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་འགྱུར་ལྡོག་རྙོག་འཛིང་ཆེ་བའི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་དཀའ་སྤྱད་མདུན་སྐྱོད་དང་། འབད་འཐབ་ལྷུར་ལེན་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དང་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་པ་”ལེགས་འགྲུབ་ངང་མཇུག་བསྒྲིལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གོམ་སྟབས་གསར་པར་བརྟན་པོ་སྤོས་ཡོད།

ལི་ཆང་གིས་སྙན་ཞུའི་ནང་བསྟན་དོན།ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ།ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལྟར།ལོ་གཅིག་གི་རིང་ལ་གཙོ་བོ་གཤམ་གསལ་གྱི་བྱ་བ་བསྒྲུབས་ཡོད་དེ།གཅིག་ནི་སྔར་ལས་དགེ་མཚན་ལྡན་ཞིང་ཕན་ནུས་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱས་ནས་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་ཡོང་བར་བྱས། གཉིས་ནི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན།གསུམ་ནི་བཅོས་སྒྱུར་སྒོ་འབྱེད་སྔར་བས་གཏིང་ཟབ་ཏུ་བཏང་ནས་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་བཀག་མེད་ཡོང་བར་བྱས།བཞི་ནི་རྣམ་པ་གསར་བའི་མཁར་གྲོང་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྤྱི་འདོམས་སྐུལ་འདེད་བཏང་ནས་མཁར་གྲོང་ཁུལ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་།ལྔ་ནི་དམངས་འཚོ་འགན་ལེན་ལ་དམ་འཛིན་ཏན་ཏིག་བྱས་ཏེ་ཧུར་ཐག་གིས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་བཏང་།དྲུག་ནི་རབས་མཛེས་ཀྲུང་གོ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་བཏང་།བདུན་ནི་སྲིད་གཞུང་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་བསྣན་ནས་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་འཐུས་ཚང་དུ་བཏང་།

ལི་ཆང་གིས་སྙན་ཞུའི་ནང་བསྟན་དོན།འདས་པའི་ལོ5ཡི་ནང་།ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་བླངས་བ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པར་འགོ་ཡག་པོ་བརྩམས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”འཆར་འགོད་《རྩ་གནད་》ནང་གཏན་འབེབ་བྱས་པའི་དམིགས་ཚད་གཙོ་བོ་ཁག20དང་། འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཕྱོགས17། བཟོ་སྐྲུན་ལས་གཞི་གལ་ཆེན་ཁག102བཅས་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་། 

ལི་ཆང་གིས་སྙན་ཞུའི་ནང་བསྟན་དོན། 《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞི》ལ་གཞིར་བཟུང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་རྩ་གནད(འཆར་ཟིན)》སྒྲིག་བཟོ་བྱས་ཏེ། ཚོགས་ཆེན་ལ་ཞིབ་བཤེར་བྱ་རྒྱུར་སྤྲད། ཏང་ཀྲུང་དབྱང་གི《གྲོས་གཞི》ལས་གཏན་འཁེལ་བྱས་པའི་དམིགས་འབེན་གཙོ་བོ་ལག་བསྟར་དོན་འཁྱོལ་བྱེད་ཆེད།《རྩ་གནད(འཆར་ཟིན)》དུ་དམིགས་འབེན་གཙོ་བོ་ཁག20ཞིབ་ཕྲའི་སྒོ་ནས་བཏོན་ཡོད་པ་དང་། ཁྱབ་ཁོངས་དབྱེ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་རྒྱས་བཤད་བྱས་ཡོད་ལ། དེ་ཕྱོགས་བཞིའི་ཐད་ནས་འབུར་ཐོན་གྱིས་མཚོན་ཡོད་དེ། གཅིག་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་འབུར་དུ་བཏོད་པ་དང་། གཉིས་ནི་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་སྟོབས་ཆེར་གཏོང་བ་འབུར་དུ་བཏོན་ཡོད།གསུམ་ནི་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་འབུར་དུ་བཏོད་པ་དང་། བཞི་ནི་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱ་རྒྱུ་འབུར་དུ་བཏོད་ཡོད།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དམིགས་འབེན་དང་ལས་འགན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བར་དམིགས་ཏེ། འཐབ་ཇུས་རང་བཞིན་དང་སྣེ་འདྲེན་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ལ་གཅིག་གྱུར་གྱིས་བསམ་གཞིགས་བྱས་ནས།《རྩ་གནད(འཆར་ཟིན)》དུ་ཕྱོགས6ཐད་ཀྱི་ལས་གཞི་གལ་ཆེན109བཏོན་ཡོད།

ལི་ཆང་གིས་སྙན་ཞུའི་ནང་བསྟན་དོན། ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། དཔལ་འབྱོར4.5%ནས5%བར་འཕར་བར་བྱས་ཏེ། བྱ་བ་དངོས་ཀྱི་ཁྲོད་ནས་གྲུབ་འབྲས་སྔར་ལས་ལེགས་པོ་ལེན་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་ཞིབ་ལས་མངོན་པའི་ལས་ཤོར་གྱི་ཚད5.5%ཡས་མས་སུ་ཚོད་འཛིན་བྱེད་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་བྱེ་བ་གཅིག་དང་ས་ཡ་གཉིས་ཀྱི་ཡན་གསར་སྣོན་བྱེད་རྒྱུ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆའི2ཡས་མས་སུ་ཚོད་འཛིན་བྱེད་པ་དང་། སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་གཉིས་གོམ་མཉམ་ཡོང་བར་བྱེད་རྒྱུ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བར་བྱེད་རྒྱུ། འབྲུ་རིགས་ཀྱི་ཐོན་འབོར་རྒྱ་མ་ཁྲག་ཆེན་གཅིག་དང་ཁྲག་ཁྲིག་བཞིའི་ཡས་མས་སུ་སླེབས་པར་བྱེད་རྒྱུ། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་བསྡོམས་འབོར་གྱི་དབྱང་གཉིས་ཐན་འགྱུར་འབུད་ཚད་བརྒྱ་ཆའི3.8ཡས་མས་མར་ཆག་པར་བྱེད་རྒྱུ་བཅས་ཡིན།

ལི་ཆང་གིས་སྙན་ཞུའི་ནང་བསྟན་དོན། ཏང་ཀྲུང་དབྱང་གིས་ད་ལོའི་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པས། ང་ཚོས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལས་དོན་ཁག་ཏན་ཏིག་གིས་སྒྲུབ་དགོས་ཏེ། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་དགོས་པ་དང་། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ་དམ་འཛིན་བྱེད་དགོས་པ། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ཇེ་མགྱོགས་སུ་གཏོང་དགོས་པ། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྒྱ་ཆེ་རུ་གཏོང་དགོས་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ། མཁར་གྲོང་ཅན་གསར་པ་དང་ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱེད་དགོས་པ། དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས་པ། ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་དང་བདེ་འཇགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་དགོས་པ་བཅས་ཡིན།

སྙན་ཞུའི་ནང་ལི་ཆང་གིས་ད་དུང་སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། མི་རིགས་དང་ཆོས་ལུགས། ཕྱི་སྡོད་རང་མི་བཅས་ཀྱི་ལས་དོན། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན། ཞང་ཀང་དང་ཨའོ་མོན་འཕེལ་རྒྱས་དང་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ། དེ་བཞིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་སོགས་ཀྱི་སྐོར་ནས་རྒྱས་བཤད་གནང་།

ལི་ཆང་གིས་མཇུག་མཐར་གསུངས་རྒྱུར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་ཆེན་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། མི་བརྒྱ་སེམས་གཅིག་གིས་ཧུར་བརྩོན་ལྷོད་མེད་བྱེད་དགོས་ལ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་མངོན་འགྱུར་གང་ཐུབ་བྱ་དགོས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཡག་པོ་ཞིག་འཛུགས་ཐུབ་པར་འགན་ལེན་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

ཚོགས་འདུའི་གྲོས་རིམ་ལྟར། ཚོགས་ཆེན་ལས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་རྩ་གནད་ཀྱི་འཆར་ཟིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ། དེ་བཞིན2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2026ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ། 2026ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་ གིས་སོ་སོར་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་འཆར་ཟིན་སྐོར་གྱི་གསལ་བཤད་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གསལ་བཤད། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གསལ་བཤད་བཅས་གནང་བ་རེད།

སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་འཆར་ཟིན་སྐོར་གྱི་གསལ་བཤད་ལས། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པ་དེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རིག་གཞུང་དང་། ལམ་ལུགས། ལག་ལེན་གྲུབ་འབྲས་བཅས་ཁྲིམས་གཞུང་ཅན་གྱི་རྣམ་པའི་ཐོག་ནས་གཏན་འབེབས་དང་། སྐྱེ་ཁམས་ཁོར་ཡུག་གི་བཅའ་ཁྲིམས་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བར་འཕྲལ་ཕུགས་གཉིས་ཀྱི་ཆ་ནས་དོན་སྙིང་གལ་ཆེན་ལྡན་པར་བསྟན། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པའི་མཛུབ་སྟོན་དགོངས་པ་ནི་ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་དང་ཡིད་ཆེས་བཞི་ཇེ་བརྟན། སྲུང་སྐྱོང་གཉིས་དོན་འཁྱོལ་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ཡོང་བར་མཐར་འཁྱོངས། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་བཞི་ཡི་འཐབ་ཇུས་བཀོད་པར་གཅིག་གྱུར་སྐུལ་འདེད་གཏོང་བར་དམ་པོར་དམིགས་པ། སྔར་ལས་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་སྔར་ལས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དམིགས་པ། ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་དང་། དུས་རབས་ཀྱི་བླང་བྱ་དང་མཐུན་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་མཉམ་དུ་སྐུལ་འདེད་གཏོང་བ། རང་རྒྱལ་དུ་ད་ལྟ་སྤྱོད་བཞིན་པའི་སྦགས་བཙོག་འགོག་བཅོས་དང་། སྐྱེ་ཁམས་སྲུང་སྐྱོང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་སོགས་ཀྱི་ཐད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་བཅའ་ཁྲིམས་ལམ་ལུགས་རྐྱེན་སྲོལ་དང་སྒྲིག་སྲོལ་ཚད་གཞི་ལ་ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་སྒྲིག་ཞུ་དང་འཐུས་ཚང་དུ་བཏང་ནས། ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སྣེ་ཁྲིད་དུ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པ། དུས་རབས་ཀྱི་ཁྱད་ཆོས་མཚོན་པ། མི་དམངས་ཀྱི་འདོད་བློ་མཚོན་པ། མ་ལག་ཆ་ཚང་དང་ཚད་ལྡན་མཐུན་སྦྱོར་བཅས་ཡིན་པའི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་ཅིག་གྲུབ་ཐུབ་པར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་ལེགས་འགྲུབ་ཡོང་བ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འཐུས་སྒོ་ཚང་བའི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྐྱོང་འགན་སྲུང་མཁོ་འདོན་བྱེད་དགོས་པ་བསྟན། གསལ་བཤད་ལྟར་ན། འཆར་ཟིན་ལ་བསྡོམས་པས་ལེའུ5དང་དོན་ཚན1242ཡོད། ལེའུ་ལྔ་ནི་སོ་སོར་སྤྱིའི་རྩ་དོན་དང་། སྦགས་བཙོག་འགོག་བཅོས། སྐྱེ་ཁམས་སྲུང་སྐྱོང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས། བཅའ་ཁྲིམས་འགན་འཁྲི་དང་ཟུར་བསྣན་དོན་ཚན་བཅས་ཡིན།

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གསལ་བཤད་ལས་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་ལོ་རྒྱུས་ཁ་ཕྱོགས་སུ་ལངས་བ། རྩ་ཁྲིམས་ཀྱི་གཏན་འབེབས་དང་། རྩ་དོན། དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་གཏན་འབེབས་བྱེད་པ་བཅས་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲིམས་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན། ཁྲིམས་འཛུགས་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་།ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཞི་ཅིན་ཕིང་གི་རིག་གནས་དགོངས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་བཅས་སློབ་སྦྱོང་དཔྱིས་ཕྱིན་དང་ལག་ལེན་མཐར་ཕྱིན་བྱས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལ་མི་རིགས་བྱ་བའི་ཐད་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལེགས་འགྲུབ་བྱུང་བའི་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུ་གཙོ་ཐིག་ཏུ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། འཆར་ཟིན་ལ་གླེང་གཞི་དང་ས་བཅད7བཞག་པའི་རྩོམ་སྟངས་སྤྱད་དེ་བསྡོམས་པས་དོན་ཚན64ཡོད།

རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གསལ་བཤད་ལས་བསྟན་དོན། དུས་ཡུན་རིང་པོའི་ནང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་བྱ་བ་ལེགས་འགྲུབ་བྱུང་བའི་ཉམས་མྱོང་ནན་ཏན་སྒོས་ཕྱོགས་བསྡོམས་བྱས་ནས། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་གཏན་འབེབས་བྱས། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཆར་འགོད་བྱ་བའི་ཐད་རྒྱུན་འཁྱོངས་བྱ་དགོས་པའི་མཛུབ་སྟོན་བསམ་བློ་དང་རྩ་དོན་གྱི་འདུ་ཤེས་ཁ་གསལ་བཟོས། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཆར་འགོད་སྒྲིག་བཟོ་དང་། ཞིབ་བཤེར་དང་ཆོག་མཆན་འགོད་པ། ལག་བསྟར་དང་ལྟ་སྐུལ་སོགས་ཀྱི་གོ་རིམ་ཞིབ་ཕྲ་ལ་ཁྱོན་ཡོངས་ནས་བརྒྱུད་རིམ་ལྡན་པའི་གཏན་འབེབས་བྱས། ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཆར་འགོད་ཚན་རིག་དང་མཐུན་པར་སྒྲིག་བཟོ་དང་ལག་བསྟར་བྱེད་པར་ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས། ཁྲིམས་འཛུགས་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་སོ་སོའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཡོད།   དུས་ཡུན་རིང་པོའི་ནང་དང་ལྷག་པར་དུ་དུས་རབས་གསར་པའི་ཚུན་གྱི་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བྱ་བའི་ལེགས་འགྲུབ་ཉམས་མྱོང་ཕྱོགས་སྡོམ་བྱས་ཡོད་པ་དང།རྩ་ཁྲིམས་གཞིར་བཟུང་ནས། ལོ་དུ་མའི་རིང་སྤྱོད་གོ་ཆོད་པའི་བྱེད་ཐབས་དག་བཅའ་ཁྲིམས་དང་ལམ་ལུགས་ཀྱི་ཚད་གཞིར་གཏན་འཁེལ་བྱས། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་བསྣན་ནས། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཀྱི་འཐབ་ཇུས་ཀྱི་ཁྲིད་སྟོན་ནུས་པ་སྔར་ལས་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་ལམ་ལུགས་ཀྱི་ལེགས་ཆ་དང་བཅོས་སྐྱོང་ཕན་ནུས་སྔར་ལས་འདོན་སྤེལ་གང་ལེགས་བྱེད་དགོས། འཆར་ཟིན་དེ་ལེའུ6ཏུ་དབྱེ་ཡོད་པ་དང་སྡོམ་པའི་དོན་ཚན38ཡོད། ཀྲུའུ་ཞིའི་སྟེགས་བུའི་སྟེང་ད་དུང་ཝང་དབྱི་། དབྱི་ལི།ཧྲི་ཐའེ་ཧྥེང་།ལིའུ་གོ་ཀྲུང་།ལི་ཀན་ཅེ།ལི་ཧྲུའུ་ལེ།ཧོ་ལི་ཧྥེང་།ཀྲང་གོ་ཆིང་།ཁྲེན་ཝུན་ཆིང་།ཁྲེན་ཅི་ཉིང་། ཁྲེན་མིན་ཨེར།ཡོན་ཅ་ཅུན།ཧོང་ཁུན་མིང་།ལིའུ་ཅིན་གོཝང་ཞའོ་ཧུང་།སོགས་ཡོད། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་ཚོགས་འདུར་ཟུར་ཞུགས་བྱས་པ་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད་པ་རེད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་སྲིད་གྲོས་ཨུ་ཡོན་རྣམས་ཚོགས་ཆེན་ལ་ཟུར་ཞུགས་བྱས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་ལས་ཁུངས། དྲག་ཆས་ཉེན་རྟོག་དྲག་དཔུང་། མི་དམངས་ཚོགས་པ་སོ་སོའི་འབྲེལ་ཡོད་འགན་འཁུར་པ་བཅས་ཚོགས་ཆེན་ལ་ཟུར་ཞུགས་བྱས་ནས་ཉན། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པས་ཚོགས་ཆེན་ལ་ཟུར་ཉན་བྱས།