
ཟླ4པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་སི་ཕེན་གྱི་དབུ་བློན་སང་ཆེ་སི་དང་མཇལ་འཕྲད་གནང་།
ཟླ4པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་སི་ཕེན་གྱི་དབུ་བློན་སང་ཆེ་སི་དང་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་སྤྱིའི་དུས་བབ་ཟང་ཟིང་དུ་གྱུར་རུང་། ཀྲུང་གོ་དང་སི་ཕེན་བར་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་པོར་འཕེལ་ཏེ། འཐབ་ཇུས་ཀྱི་ངེས་ཤུགས་ལྡན་པའི་ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བ་བཏོད་པ་དང་། ཉམས་མྱོང་གལ་ཆེན་ཞིག་ནི་ཐུན་མོང་གི་ཁེ་ཕན་ལ་གཞིགས་ནས་ཐབས་ཇུས་ཡང་དག་འདོན་རྒྱུ་དེ་ཡིན་ལ། མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན་ཞིང་། དུས་རབས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་པ། ཕན་ཚུན་རང་བཙན་རང་བདག་གི་ལམ་དུ་སྐྱོད་པའི་དངོས་ཤུགས་དང་གཏིང་ཤུགས་ཆེ་རུ་ཕྱིན་པ་དོན་དངོས་ལས་བདེན་དཔང་བྱས་ཡོད། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཕན་ཚུན་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་གོ་གནས་གལ་ཆེན་སྟེང་བཞག་ཏེ། ཕ་རོལ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱ་རྒྱུར་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོས་རྒྱང་རིང་གི་འཐབ་ཇུས་དམིགས་འབེན་དང་དུས་རིམ་རང་བཞིན་གྱི་དམིགས་འབེན་གཅིག་གྱུར་བྱས་ཏེ། ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོའི་རྒྱུན་མཐུད་དེ་ལོ་ལྔའི་འཆར་འགོད་གཏན་འབེབས་དང་ལག་བསྟར་བྱས་ཤིང་། ང་ཚོར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་ཡོད་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བརྟེན་ནས་འཛམ་གླིང་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པའི་བློ་རྒྱ་ཡང་ཡོད་པས། རང་ངོས་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བར་ཡིད་ཆེས་དང་སྒུལ་ཤུགས་སྣོན་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་ཐུན་མོང་གིས་གསར་གཏོད་འཕེལ་རྒྱས་དོན་གཉེར་བྱེད་པ་དང་། ཉོ་ཚོང་དང་། ནུས་ཁུངས་གསར་པ། རིག་ནུས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། རིག་གནས་དང་། སློབ་གསོ། ཚན་ཞིབ། ལུས་རྩལ་བཅས་བརྗེ་རེས་བྱེད་པར་བསྔགས་སྐུལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་བས་མང་པོ་བསྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་ཟང་ཟིང་གི་སྣང་ཚུལ་ཐོན་པ་དང་། སྤྱི་ལུགས་དང་བཙན་དབང་གི་འགྲན་བསྡུར་ལ་གདོང་ཐུག་ཡོད། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་སྲོལ་ལ་ལྟ་སྟངས་ཇི་ལྟར་འཛིན་རྒྱུ་དེ་ལས་རྒྱལ་ཁབ་ཅིག་གི་འཇིག་རྟེན་གྱི་ལྟ་བ་དང་། སྒྲིག་སྲོལ་གྱི་ལྟ་བ། རིན་ཐང་གི་ལྟ་བ། འགན་འཁྲིའི་ལྟ་བ་བཅས་མཚོན། ཀྲུང་གོ་དང་སི་ཕེན་གཉིས་ནི་རྩ་དོན་ལྡན་པ་དང་བདེན་འཛིན་གྱི་རྒྱལ་ཁབ་ཡིན་པས། འབྲེལ་འདྲིས་ལ་ཤུགས་སྣོན་དང་། ཕན་ཚུན་ཡིད་ཆེས་སྲ་བརྟན། མཉམ་ལས་དམ་ཟབ་བཅས་བྱས་ཏེ། འཛམ་གླིང་ཕྱིར་ནགས་རྫོང་སྲོལ་ལུགས་ལ་ཕྱིར་ལྡོག་པར་ངོ་རྒོལ་བྱས་ཏེ། ཐུན་མོང་གིས་དོན་དངོས་ཀྱི་ཕྱོགས་མང་རིང་ལུགས་སྲུང་སྐྱོབ་བྱ་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་རྩ་འཛུགས་བྱེད་པར་སྐུལ་འདེད་གཏོང་དགོས།
སང་ཆེ་སིས་བསྟན་དོན། ང་ལོ་བཞིའི་རིང་ཀྲུང་གོར་འཚམས་འདྲི་ཐེངས་བཞི་བྱས་པ་དེས། ཕྱོགས་གཉིས་ཀྱིས་སི་ཕེན་དང་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་མཚོན་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་སི་ཕེན་དུ་མ་དངུལ་བཏང་སྟེ་མཉམ་ལས་སྤེལ་བས་སི་ཕེན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། སི་ཕེན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་པོར་སྲུང་སྟེ། ཀྲུང་གོའི་རྒྱལ་ཁབ་ཆེན་པོའི་གནས་བབ་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། འཐབ་ཇུས་ཀྱི་ངེས་ཤུགས་ལྡན་པའི་སི་ཕེན་དང་ཀྲུང་གོའི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་གཞོལ་ནས་ཚོང་དོན་དང་། དངུལ་གཏོང་། ནུས་ཁུངས་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དང་། མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་བར་རེ་བ་ཡོད། རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་གདོང་ཐུག་རྩོད་གཞི་མང་པོའི་གནས་བབ་ལ་གདོང་གཏོད་སྐབས། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་སྣེ་མང་འཛམ་གླིང་རྩ་འཛུགས་ལ་སྐུལ་འདེད་བཏང་ཚེ་གཞི་ནས་མིའི་རིགས་ལ་ཡུན་རིང་ཞི་བདེ་ཡོང་ཐུབ། སི་ཕེན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་གྲོས་གཞི་ཆེན་པོ་བཞི་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། ཀྲུང་གོ་དང་མཉམ་དུ་མཐུན་སྦྱོར་མཉམ་ལས་དམ་ཟབ་དང་། རྒྱལ་སྤྱིའི་ས་ཁམས་ཆབ་སྲིད་དང་། ཉོ་ཚོང་སྲུང་སྐྱོང་རིང་ལུགས། གནམ་གཤིས་འགྱུར་ལྡོག་སོགས་ཐད་ཀྱི་འགྲན་སློང་ལ་ཐུན་མོང་གིས་གདོང་གཏད་ནས། རྒྱལ་སྤྱིའི་བཅའ་ཁྲིམས་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་འདོད་ཡོད། སི་ཕེན་གྱིས“འཇམ་འཐབ་གསར་པར”ངོ་རྒོལ་དང“འབྲེལ་མཚམས་གཅོད་པར”ངོ་རྒོལ་བྱས་ནས། ཡོ་རོབ་དང་ཀྲུང་གོའི་བར་གྱི་འབྲེལ་འདྲིས་དང་བསམ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་མཉམ་ལས་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་དེ་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ལ་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལའང་ཕན་པ་རེད།