

ཟླ5པའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་ལྷན་དུ་ཐེན་ཐན་ལ་གཟིགས་ཞིབ་གནང་།
ཟླ5པའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་ལྷན་དུ་ཐེན་ཐན་ལ་གཟིགས་ཞིབ་གནང་།
དབྱར་འགོའི་ཐེན་ཐན་དུ། གནའ་བོའི་གསོམ་སྡོང་བསིལ་རླུང་གི་འགྲོས་དང་བསྟུན་ནས་དལ་གྱིས་གཡུག་གཡུག་བྱེད། ཞི་ཅིན་ཕིང་གིས་མཆོད་འབུལ་ཁང་དུ་ཐི་ལང་ཕུའུ་འཚམས་འདྲིར་ཕེབས་པར་སྣེ་ལེན་མཛད། ཞི་ཅིན་ཕིང་དང་ཐི་ལང་ཕུའུ་གཉིས་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་མཆོད་འབུལ་ཁང་དུ་མཉམ་པར་བསྐྱོན།
མཆོད་འབུལ་ཁང་ནི་བརྗིད་ཉམས་ལྡན་ལ། བརྗིད་ཆགས་ཀྱི་རྒྱ་ཕིབས་སྟེང་འོད་སྣང་འཚེར་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་ཐེམ་སྐས་བརྒྱུད་དེ་དལ་གྱིས་མཆོད་འབུལ་ཁང་དུ་བསྐྱོད་པ་དང་། བརྗིད་ཉམས་ལྡན་པའི་བཟོ་བཀོད་ཁྱད་ཆོས་ལ་མཉམ་དུ་གཟིགས་ཞིབ་མཛད་པ་མ་ཟད། དེའི་ཁྲོད་ཀྱི་འཆམ་མཐུན་དང་དུས་བསྟུན་ཀྱི་འདུ་ཤེས་ལ་རོལ་མྱོང་མཛད།
ཞིས་ཅིན་ཕིང་གིས2017ལོར་ངེད་གཉིས་ཀྱིས་པེ་ཅིང་གི་དཀྱིལ་འཁོར་ལམ་ཐིག་བརྒྱུད་དེ་གནའ་བོའི་ཕོ་བྲང་ལ་གཟིགས་ཞིབ་མཛད་པ་བསྟན། དེ་རིང་ལྟ་སྐོར་བྱེད་པའི་ཐེན་ཐན་དང་གནའ་བོའི་ཕོ་བྲང་གཉིས་དུས་མཉམ་དུ་བཞེངས་སྐྲུན་བྱས་པ་དང་། དེས“གནམ་ནི་སྒོར་ཞིང་ས་ནི་གྲུ་བཞི་ཡིན་པའི”འདུ་ཤེས་མཚོན་ཡོད་པས། ཀྲུང་གོ་བའི་འཇིག་རྟེན་ལྟ་བ་དང་འཇིག་རྟེན་པའི་མཚན་ཉིད་རིག་པ་མངོན་ཡོད། ཀྲུང་གོའི་གནའ་རབས་ཀྱི་སྲིད་འཛིན་པས་ཐེན་ཐན་དུ་མཆོད་འབུལ་མཛད་སྒོ་སྤེལ་ཏེ། རྒྱལ་སྲིད་དར་ཞིང་འབངས་རྣམས་བདེ་ལ་འཁོད་པ་དང་ཆར་ཆུ་ལོ་ལེགས་འབྱུང་བར་སྨོན་འདུན་ཞུས་པས། དམངས་ནི་རྒྱལ་ཁབ་ཀྱི་རྩ་བ་ཡིན་པ་དང་། རྩ་བ་བརྟན་ཞིང་རྒྱལ་ཁབ་བདེ་འཇགས་ཡོང་བའི་ཀྲུང་གོའི་སྲོལ་རྒྱུན་གྱི་བསམ་བློ་མངོན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭའི་དཔལ་ཡོན་དམངས་གཞིའི་བསམ་བློ་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་བ་མ་ཟད། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པར། མི་དམངས་ཀྱི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་དང་ཟོལ་མེད་ཀྱི་གོང་བཀུར་ཐོབ་ཡོད།
ཐི་ལང་ཕུའུ་ཡིས་དེ་དུས་ཀྱི་གནའ་བོའི་ཕོ་བྲང་དུ་བསྐྱོད་པའི་རྣམ་པ་ད་ལྟའི་བར་གསལ་ལེར་ཡིད་ལ་དྲན་འདུག་པ་བསྟན། ཐེན་ཐན་གྱིས་ལོ་ངོ600ལྷག་གི་ལོ་རྒྱུས་བརྒྱུད་ཡོད་ནའང་། སྔར་བཞིན་བརྗིད་ཉམས་ལྡན་ཞིང་འགྱིང་ངེར་ལངས་ཏེ། ཀྲུང་གོའི་མཛེས་སྡུག་ལྡན་པའི་གནའ་བོའི་བཟོ་བཀོད་སྒྱུ་རྩལ་དང་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྲོལ་རྒྱུན་རིག་གནས་མངོན་ཡོད་པས། མི་རྣམས་ཀྱིས་བསྔགས་བརྗོད་བྱེད་ཀྱིན་ཡོད། ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་རླབས་ཆེན་གྱི་རྒྱལ་ཁབ་ཡིན་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ནི་རླབས་ཆེན་གྱི་མི་དམངས་ཡིན་པས་བློ་གྲོས་ཀྱིས་ཕྱུག་ཡོད། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་གཏིང་ཟབ་སྒོས་རྒྱུས་ལོན་བྱས་ཏེ། མི་དམངས་བར་གྱི་མཛའ་འབྲེལ་གཏིང་ཟབ་ཏུ་གཏོང་དགོས།
ཚའེ་ཆི་དང་ཝང་དབྱི། དབྱིན་ལི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས།