
ཟླ5པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་ལ་གྲོས་མོལ་མཛད།
ཟླ5པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་ལ་གྲོས་མོལ་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། 2024ལོར་ངས་སེར་ཝེ་ཡར་རྒྱལ་དོན་འཚམས་འདྲི་བྱས་ཤིང་། ཕྱོགས་གཉིས་ཀྱིས་དུས་རབས་གསར་པའི་ཀྲུང་སེར་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་པ་འགོ་བརྩམས་ཡོད། ལོ་གཉིས་ཀྱི་རིང་། ཀྲུང་གོ་དང་སེར་ཝེ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་བླངས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་མ་ཟད། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་ཡང་བཞག་ཡོད། ཀྲུང་སེར་མི་རིགས་གཉིས་ཀ་དཀའ་སྡུག་དང་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་མྱོང་ལ། བློ་བརྟན་འགྱུར་མེད་དང་དཔའ་སྐྱེད་ཞུམ་མེད་ཀྱི་བསམ་པའི་གཤིས་རྒྱུད་ཡོད་ཅིང་། ཚང་མས་བློ་བརྟན་འགྱུར་མེད་ཀྱིས་རང་བཙན་རང་བདག་འཚོལ་སྙེག་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོབ་བྱེད་པ་དང་། ཕྱོགས་གཉིས་ཀས་ཞི་བདེ་འཕེལ་རྒྱས་རྒྱུན་འཁྱོངས་དང་། སྤྱི་སྲོལ་དྲང་བདེན་བརྟན་སྲུང་བྱེད་པར་རྒྱུས་ལོན་ཟབ་མོ་ཡོད། ཕྱོགས་གཉིས་ཀྱིས་འགྲོ་འོང་ལ་ཤུགས་སྣོན་དང་། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ནས། སྐྱིད་སྡུག་མཉམ་མྱོང་དང་ཐུན་མོང་དར་རྒྱས་ཀྱི་མཐོ་ཚད་གསར་བ་ཞིག་གཏོད་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་སེར་བར་གྱི་མཛའ་བརྩེ་ཟབ་མོ་ནི་ཐུན་མོང་མ་ཡིན་པར་རང་ཉིད་ཀྱི་ཁྱད་ཆོས་ལྡན་པ་དང་། ལོ་རྒྱུས་ཀྱི་གཏན་ཚིགས་ཟབ་མོ་དང་མངོན་སུམ་གྱི་རྨང་གཞི་བརྟན་པོ་ཡོད་པས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་སྒོས་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སེར་ཝེ་ཡ་ཕྱོགས་བར་གྱི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པས་ཁྱོན་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་འབེན་བཀོད་སྒྲིག་བྱས་ཡོད་པས། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་དུས་དཀྱིལ་གྱི་འགུལ་སྐྱོད་འཆར་གཞི་དོན་འཁྱོལ་ལེགས་པོ་བྱ་དགོས་ཤིང་། འགྲིམ་འགྲུལ་དང་ནུས་ཁུངས། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་རླབས་རྒྱུན་གསར་པར་གདོང་གཏད་དེ། ཕྱོགས་གཉིས་ཀྱིས་མི་ཐབས་རིག་ནུས་དང་གྲངས་འཛིན་དཔལ་འབྱོར། ལྗང་མདོག་ནུས་ཁུངས། སྔོན་ཐོན་བཟོ་སྐྲུན་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་འཕར་གཞི་གསར་པ་གཏོད་དགོས། ན་ནིང་། ཀྲུང་གོ་དང་སེར་ཝེ་ཡའི་མི་དམངས་ཀྱི་མཛའ་བརྩེ་ལ་ལོ་ངོ་བདུན་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པར་དོ་སྣང་ཆེན་པོ་བྱས་པ་དང་། ཕྱོགས་གཉིས་ཀྱིས་གཞོན་ནུ་དང་མི་ཚུལ་བརྗེ་རེས་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། མཆན་བཀོད་འགོད་མི་དགོས་པ་མ་ཟད་རང་མོས་ཉོ་ཚོང་དང་ཐད་འཕུར་གྱི་ལངས་གཟུགས་སྒྲོམ་གཞི་ལེགས་པོ་སྤྱོད་དགོས་ཤིང་། རིག་གནས་དང་སློབ་གསོ། ལུས་རྩལ། ཡུལ་སྐོར། ས་གནས་སོགས་ཀྱི་མཉམ་ལས་ཁྱོན་ཡོངས་ནས་རྒྱ་ཆེར་བཏང་སྟེ། ཀྲུང་གོ་དང་སེར་ཝེ་ཡའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་དང་དར་སྤེལ་ལེགས་པོ་གཏོང་དགོས། དེང་སྐབས། རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ལ། ཀྲུང་སེར་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་མུ་མཐུད་དུ་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་པ་དང་། དོན་དམ་གྱི་ཕྱོགས་མང་རིང་ལུགས་ལག་ཏུ་བསྟར་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་པ་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས།
ཝུའུ་ཆི་ཆི་ཡིས་བསྟན་དོན། ཀྲུང་གོས་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་རྒྱལ་ཁའི་ངང་གཏན་འབེབས་བྱས་པ་མ་ཟད་ལག་ཏུ་བསྟར་འགོ་བརྩམས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་ཆེན་པོ་ལོན་པར་ཡིད་ཆེས་ཡོད། སེར་ཝེ་ཡ་དང་ཀྲུང་གོ་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་ཚུན་དུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་མངོན་གསལ་བླངས་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སོང་། སེར་ཀྲུང་མི་དམངས་ལ་བློས་ཐུབ་ཀྱི་གྲོགས་པོའི་མཛའ་བརྩེ་ཡོད་པས། སེར་ཝེ་ཡའི་མི་དམངས་ཀྱིས་ཀྲུང་གོས་རྒྱབ་སྐྱོར་བྱས་པར་ནམ་ཡང་བརྗེད་མི་སྲིད་ལ། རང་བཙན་དང་བདག་དབང་སྲུང་སྐྱོང་བྱེད་པ་དང་། རང་བདག་ངང་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པར། ཀྲུང་གོའི་ཁེ་ལས་སེར་ཝེ་ཡའི་རྒྱལ་ཁབ་འཛུགས་སྐྲུན་ནང་ཞུགས་པ་མ་ཟད་བྱས་རྗེས་གལ་ཆེན་བཞག་པར་བཀའ་དྲིན་ཞུས་པ་ཡིན། སེར་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལྟེ་བའི་ཁེ་ཕན་ལ་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མི་ཚུལ་བརྗེ་རེས་ཇེ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཏན་ཏན་ཏིག་ཏིག་གི་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་སྐུལ་འདེད་གཏོང་བར་རེ་སྒུག་བྱེད་བཞིན་ཡོད། ཀྲུང་གོ་ཡིས་རྒྱལ་ཁབ་ཆེན་པོའི་ངོས་ནས། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆུང་ཆུང་ལ་འདྲ་མཉམ་ངང་བརྩི་འཇོག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་བྱས་ཏེ། འཛམ་གླིང་ལ་མིག་དཔེ་བསྟན་ཡོད། སེར་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་གལ་ཆེན་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ནས་རྒྱལ་སྤྱིའི་ཞི་བདེ་དང་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད།
གྲོས་མོལ་མཇུག་བསྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཆབ་སྲིད་དང་། དཔལ་འབྱོར་ཉོ་ཚོང་། ཚན་རྩལ། སློབ་གསོ། ཁྲིམས་འཛིན། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་ཉི་ཤུ་ལྷག་ལ་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་བྱས།
ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སེར་ཝེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱིས་དུས་རབས་གསར་པའི་ཀྲུང་སེར་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་མཐུད་སྐུལ་འདེད་གཏོང་བའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སེར་ཝེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱིས་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ།
ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ཕིན་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཝུའུ་ཆི་ཆི་བཟའ་ཟླ་གཉིས་ལ་དགའ་བསུའི་གསོལ་སྟོན་བཤམས།
ཝང་དབྱི་འབྲེལ་ཡོད་བྱེད་སྒོར་ཞུགས།