ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་དང་མཇལ་འཕྲད་གནང་།
ཁུངས། ཀློག་གྲངས། 5

ཟླ་ལྔ་པའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི་དང་མཇལ་འཕྲད་གནང་།

ཟླ་ལྔ་པའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི་དང་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་དོན་ལྔ་འཁོར་བའི་རིང་། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ནས། སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ཆགས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་དང་དངོས་སྒྲུབ་མཉམ་ལས་བྱས་ནས་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་ནུས་ལྡན་བཏང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཕ་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་འགྲོའི་ཁ་ཕྱོགས་སུ་འཛིན་རྒྱུ་ཡིན། སྔོན་ཏག་ཏག་ལ། ང་ལ་ཐེན་ཅིན་སློབ་ཆེན་གྱི་ཕ་ཁི་སི་ཐན་གྱི་ཕྱི་འགྲིམས་སློབ་མའི་འཕྲིན་ཡིག་འབྱོར་བ་དང་།  སློབ་གྲོགས་ཚོས་ཀྲུང་ཕ་མཉམ་ལས་ཀྱི་འཛུགས་སྐྲུན་པ་དང་། བསམ་བློ་བརྗེ་རེས་ཀྱི་ཁྱབ་སྤེལ་བ། མཛའ་བརྩེ་ཡི་སྲུང་སྐྱོང་པ་བཅས་བྱ་རྒྱུའི་སེམས་ཐག་བཅད་ཡོད། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ལས་དོན་ཐད་རྒྱུན་འཛིན་པ་ཡོད་པ་མཐོང་ནས་ང་རང་ཧ་ཅང་དགའ་པོ་བྱུང་ལ། ཕྱོགས་གཉིས་ཀྱིས་དུས་རབས་གསར་པར་སྔར་བས་དམ་ཟབ་ཀྱི་ཀྲུང་ཕ་ལས་སྐལ་གཅིག་མཐུན་ཚོགས་པ་མགྱོགས་མྱུར་སྒོས་བསྐྲུན་ཏེ། རྒྱལ་ཁབ་གཉིས་ཀྱི་དུས་དང་རྣམ་པ་ཀུན་གྱི་མཉམ་ལས་ལ་གྲུབ་འབྲས་སྔར་བས་མང་པོ་འཐོབ་ཏུ་འཇུག་དགོས་ཤིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་བས་ལེགས་པོ་བསྐྲུན་ཏེ།  ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྐུལ་སྤེལ་གཏོང་ཆེད་བྱས་རྗེས་འཇོག་པ་དང་། མཐའ་འཁོར་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་དཔེ་སྟོན་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ཀྱིས་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་ཡང་དག་དམ་འཛིན་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་ཕ་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འགུལ་སྐྱོད་འཆར་གཞིར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་གལ་ཆེན་དང“ཆུང་ཡང་ལེགས་པའི”དམངས་འཚོའི་ལས་གཞིའི་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། ཞིང་ལས་དང་། ཐོན་ལས། མི་ཐབས་རིག་ནུས། འཇོན་མི་སྐྱེད་སྲིང་སོགས་ཁྱོན་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་ཀྱིས་ཆུ་ཚད་སྔར་བས་མཐོ་བ་དང་ཁྱབ་ཁོངས་སྔར་བས་ཆེ་བའི་བདེ་འཇགས་མཉམ་ལས་ཟབ་སྤེལ་བྱས་ཏེ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་མཉམ་ཏུ་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ཀྱིས་རང་འགུལ་ངང་འགན་འཁུར་ནས། དབུས་ཤར་ས་ཁུལ་གྱི་ཞི་བདེ་སླར་གསོ་བྱ་ཆེད་འདུམ་འགྲིག་གི་ནུས་པ་འདོན་སྤེལ་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་རྐྱང་རིང་ལུགས་དང་འཇམ་འཐབ་ཀྱི་བསམ་གཞིགས་ལ་མཉམ་དུ་ངོ་རྒོལ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་མཉམ་དུ་སྐུལ་འདེད་གཏོང་དགོས།

ཞ་པ་ཙི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ནི་ཕ་ཁི་སི་ཐན་མི་དམངས་ཀྱི་རླབས་ཆེན་གྲོགས་པོ་ཡིན་ལ། འཛམ་གླིང་སྟེང་གི་ཞི་བདེར་དགའ་བའི་མི་དམངས་ཀྱི་རླབས་ཆེན་གྲོགས་པོ་ཡང་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་དཔལ་འབྱོར་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ནས། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། སྣེ་མང་འཛམ་གླིང་བསྐྲུན་ཆེད་འགྱུར་མེད་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད། ཕ་ཀྲུང་གི་མཛའ་བརྩེ་ཟབ་མོ་དེ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྒན་རབས་ཚོས་དངོས་སུ་བསྐྲུན་པ་དང་། ལོ་རྒྱུས་ཡུན་རིང་ལྡན་ལ་འགྲན་ཟླ་བྲལ་བ་ཞིག་ཡིན། ཕ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱས་ཏེ། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཚང་མའི་ཐད་ཀྲུང་གོའི་ཕྱོགས་ཀྱི་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ནས། ཀྲུང་གོའི་གྲོགས་པོ་བཟང་པོ་དང་སྤུན་ཟླ་བཟང་བོ་བྱེད་རྒྱུ་ཡིན། ཕ་ཕྱོགས་ཀྱིས་ཀྲུང་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུས་ཏེ། ཀྲུང་གོའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སློབ་སྦྱོང་དང་། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཟབ་སྤེལ། ཀྲུང་ཕ་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཕ་ཀྲུང་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཕ་ཕྱོགས་ཀྱིས་ཨ་རི་དང་དབྱི་ལང་གི་བར་འདུམ་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུས་ཤར་གནས་བབ་ཐད་བཏོན་པའི་བཞེད་དགོངས་བཞི་ནི་ཞི་བདེ་མངོན་འགྱུར་བྱེད་པའི་མཛུབ་སྟོན་རང་བཞིན་གྱི་ཇུས་གཞི་ཡིན། ཕ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་མཉམ་དུ་སྐུལ་སྤེལ་གཏོང་ཆེད་བྱས་རྗེས་འཇོག་འདོད་ཡོད།

ཝང་དབྱི་མཇལ་འཕྲད་ལ་ཞུགས།