
ས་གནས་དེའི་དུས་ཚོད་ཟླ6ཚེས8ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཕིང་རང་མུའུ་ལན་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས། འདི་ནི་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་གྱིས་ཅིན་ཀྲེང་ཨེན་དང་ལྕམ་མོ་ལི་ཞུའེ་ཀྲུའུ་རྣམ་གཉིས་དང་བྱམས་བརྩེའི་ངང་མཉམ་པར་བསྐྱོན་པའི་རྣམ་པ་རེད།
ས་གནས་དེའི་དུས་ཚོད་ཟླ6ཚེས8ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཕིང་རང་མུའུ་ལན་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས།
མུ་ལན་ཁང་དུ་ཕེབས་པའི་ལམ་དུ། ལམ་རྒྱུད་དུ་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཞི་ཅིན་ཕིང་གི་རླངས་འཁོར་རུ་ཁག་བརྒྱུད་པར་དགའ་བསུ་ཞུས། མུའུ་ལན་ཁང་གི་གསོལ་སྟོན་ཚོམས་ཆེན་དུ་ལྒང་ཞུ་ཚོན་མདངས་བཀྲ་བ་དང་མེ་ཏོག་གི་ཟེའུ་འབྲུ་སྣ་ཚོགས་ཡོད་ལ། དགའ་སྤྲོའི་རྣམ་པས་ཁེངས་འདུག
དགོང་མོའི་ཆུ་ཚོད7གྱི་སྟེང་། ཞི་ཅིན་ཕིང་དང་ཕེང་ལི་ཡོན་མུའུ་ལན་ཁང་དུ་ཕེབས་ལ། ཅིན་ཀྲེང་ཨེན་དང་སྐུ་ཟླ་ལི་ཞུའེ་ཀྲུའུ་རྣམ་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས། ཁྲའོ་ཞན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པ་བཟའ་ཟླས་བྱམས་བརྩེའི་ངང་མཉམ་པར་བསྐྱོན།
དེའི་རྗེས། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཅིན་ཀྲེང་ཨེན་དང་ལི་ཞུའེ་ཀྲུའུ་ཡི་ཕེབས་རོགས་འོག་གསོལ་སྟོན་ཚོམས་ཆེན་དུ་ཕེབས། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་དགའ་བསུ་ཞུས།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་རྣམ་གཉིས་ཀྱིས་ཤིས་ཚིག་ཕུལ།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱི་རི་ཆུ་འབྲེལ་ཡོད་ལ། ལས་དབང་གཅིག་མཐུན་ཡིན་པས། ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་དེ་རྒྱལ་སྤྱིའི་འཕོ་འགྱུར་གྱི་ཚོད་བགམ་ཁྲོད་གཅིག་རྒྱུན་གཅིག་འཛིན་དང་ལོ་རྒྱུས་ཡུན་རིང་ལྡན། ད་ལོ་ནི《ཀྲུང་ཁྲའོ་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ65འཁོར་བའི་ཡིན་ལ། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་རུ་གནས་ཡོད། ངའི་ཐེངས་འདིའི་འཚམས་འདྲི་ལས་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་དང་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་། ང་ཚོས་གཅིག་གྱུར་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་གི་འཐབ་ཇུས་མཐོ་ཚད་ནས། དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དམ་འཛིན་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་རེ་འདུན་ལ་བསྟུན་པ། མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་པ། འཐབ་ཇུས་ཀྱི་འབྲེལ་གཏུག་ཟབ་སྤེལ། དངོས་གཉེར་མཉམ་ལས་རྒྱ་སྐྱེད། དམངས་སེམས་གཅིག་ཏུ་སྦྲེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་མ་ཟད། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་སྔར་ལས་མདུན་ལྗོངས་ཡག་པོ་བསྐྲུན་ནས། མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་ཆད་མེད་པར་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས་པར་འདོད།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་ཐེངས་དགུ་པ་རྒྱལ་ཁའི་ངང་འཚོགས་ནས། ཁྲའོ་ཞན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཡུན་རིང་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་འཆར་འགོད་དང་བཀོད་སྒྲིག་གལ་ཆེན་བྱས་ཏེ། ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་སྐབས་གསར་པའི་འགོ་ཚུགས། ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། བློ་མཐུན་བཟང་པོ་ཡིན་པའི་ཆ་ནས། ཀྲུང་གོ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གཙོར་བྱས་པའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཁྲའོ་ཞན་མི་དམངས་ཀྱིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་ཐེངས་དགུ་པའི་ཐོག་བཏོན་པའི་དམིགས་འབེན་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱས་ནས། ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་རྒྱུན་ཆད་མེད་པར་རྣམ་པ་གསར་པ་གཏོད་པའི་སྨོན་འདུན་ཞུ།
ཅིན་ཀྲེང་ཨེན་གྱིས་ཁྲའོ་ཞན་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་བྱས་ནས། ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུས། ཅིན་ཀྲེང་ཨེན་གྱིས་བསྟན་དོན། ད་ལྟའི་ཕིང་རང་གི་གང་སར་མཛའ་མཐུན་གྱི་བརྩེ་བས་ཁེངས་ཡོད་ལ། ཁྲའོ་ཞན་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱི་གུས་པར་འོས་པའི་སྐུ་མགྲོན་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ། ད་ལོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་དང་པོར་ཁྲའོ་ཞན་ལ་འཚམས་འདྲིར་ཕེབས་པ་ལས། ཁྲའོ་ཞན་དང་ཀྲུང་གོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་དང་ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་རྒྱབ་སྐྱོར་རྩ་ཆེན་གནང་ལུགས་མངོན་ཡོད།
ཅིན་ཀྲེང་ཨེན་གྱིས་བསྟན་དོན། ང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གཉིས་ཟླ9འགོར་རྗེས་ཡང་བསྐྱར་ཐུག་འཕྲད་བྱས་ཏེ། གནས་བབ་གསར་པའི་འགྱུར་ལྡོག་དང་ཟུང་འབྲེལ་གྱིས་དུས་རབས་ཀྱི་ནང་དོན་གསར་པ་ལྡན་པའི་ཁྲའོ་ཀྲུང་འབྲེལ་བར་སྔར་ལས་སྐུལ་འདེད་གཏོང་བའི་ཐད་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་བ་མ་ཟད། ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སྐོར་ནས་བསམ་འཆར་བརྗེ་རེས་རྒྱ་ཆེན་པོ་བྱས་པ་དེས། ལོ་རྒྱུས་ཀྱི་སྲོལ་རྒྱུན་བཟང་པོ་ལྡན་པའི་ཁྲའོ་ཀྲུང་མཛའ་མཐུན་མགྱོགས་མྱུར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་བྱས་རྗེས་འཇོག་ངེས། སྤུན་ཟླ་ཡིན་པའི་ཀྲུང་གོ་མི་དམངས་ལ་གྲུབ་འབྲས་རླབས་ཆེན་ཐོབ་པར་ཁྲའོ་ཞན་མི་དམངས་ཀྱི་སྙིང་དབུས་ནས་དགའ་ཚོར་ཆེན་པོ་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག རླབས་ཆེན་གྱི་ཀྲུང་གོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུ་གསར་པ་མངོན་འགྱུར་བྱེད་པ་བཅས་ཀྱི་ཁྲོད་གྲུབ་འབྲས་སྔར་ལས་ཆེ་བ་བསྐྲུན་ཐུབ་པའི་ཡིད་ཆེས་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་གསོལ་སྟོན་ལ་ཞུགས།