
ཟླ7པའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ན་སྨི་པི་ཡའི་སྲིད་འཛིན་ཨེན་ཏའེ་ཐེ་ཝ་དང་གྲོས་མོལ་གནང་།
ཟླ7པའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ན་སྨི་པི་ཡའི་སྲིད་འཛིན་ཨེན་ཏའེ་ཐེ་ཝ་དང་གྲོས་མོལ་གནང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཐུན་མོང་ཐོག་ཕྱོགས་གཉིས་ཀྱི་འབྲེལ་བའི་གཏན་གནས་དེ་དུས་རབས་གསར་པའི་ཀྲུང་ན་ལས་དབང་གཅིག་མཐུན་ཚོགས་པར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ན་སྨི་པི་ཡར་སྲོལ་རྒྱུན་གྱི་མཛའ་མཐུན་ཟབ་མོ་དང་ཐུན་མོང་འཕེལ་རྒྱས་ཀྱི་རེ་སྙེག་ཡོད། ཕྱི་འབྲེལ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས། མཛའ་མཐུན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན། ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ན་སྨི་པི་ཡ་2030ལོའི་རྒྱང་རིང་གི་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ནི་དུས་ལ་རན་ཡོད་པ་དང་དེའི་མདུན་ལྗོངས་ཡག ཀྲུང་གོ་ཕྱོགས་ཀྱིས་ན་སྨི་པི་ཡ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འདུ་ཤེས་བརྗེ་རེས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ནས། རང་སོ་སོའི་དེང་རབས་ཅན་མངོན་འགྱུར་བྱེད་པའི་ལམ་བུར་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་ན་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཐད་དགོངས་འཆར་ཁག་གསུམ་བཏོན་པ་སྟེ། གཅིག་ནི་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། འདུ་ཤེས་མཉམ་འདྲེས་ཟབ་མོ་བྱེད་དགོས། ཕྱོགས་གཉིས་ཀྱིས་མཐོ་རིམ་འགྲོ་འོང་ཟབ་མོ་བྱས་ནས། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་བྱེད་དགོས་ལ། ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་སྤྱི་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་ཐད་རྒྱུན་ལྡན་རང་བཞིན་གྱི་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། གཉིས་ནི་མཉམ་ལས་ཀྱི་བག་ཤུགས་སྔོག་འདོན་བྱས་ནས། མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥེ་གླིང་གི་ཕྱི་འབྲེལ་རྒྱལ་ཁབ53ལ་ཕྱོགས་ཡོངས་ནས་སྒོ་ཁྲལ་མི་དགོས་པའི་བྱེད་ཐབས་ལག་བསྟར་བྱས་ལ། འདི་ནི་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བའི་གསར་གཏོད་གལ་ཆེན་ཞིག་ཡིན་ཞིང་། ཧྥེ་གླིང་རྒྱལ་ཁབ་གང་མགྱོགས་སྒོས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་དུས་ཐོག་ཆར་པའང་ཡིན། ན་སྨི་པི་ཡ་ཕྱོགས་ཀྱིས་སྒོ་ཁྲལ་མེད་པར་རིམ་འཕར་བྱས་རྗེས་ཀྱི་ཀྲུང་གོར་ནང་འདྲེན་བྱེད་པའི་ཐོན་རྫས་ཀྱི་གེགས་མེད་རྒྱུ་ལམ་དང་གཟིགས་སྐྱོང་སྲིད་ཇུས་གཞན་དག་བཀོལ་ནས། ན་སྨི་པི་ཡའི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་སྔར་ལས་མགྱོགས་པའི་སྒོ་ནས་ཀྲུང་གོའི་ཚོང་རར་བཀྲམ་དགོས་ལ། ཀྲུང་གོ་ཕྱོགས་ཀྱིས་ན་སྨི་པི་ཡ་ཕྱོགས་དང་མཉམ་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ནུས་ཁུངས། གཏེར་ཁ། ཞིང་ལས། སློབ་གསོ། གཞོན་ནུ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། གསུམ་ནི་མཐུན་སྒྲིལ་མཉམ་ལས་རྒྱུན་འཁྱོངས་བྱས་ནས། ཕྱོགས་མང་རིང་ལུགས་སྲུང་སྐྱོབ་བྱ་དགོས། ཀྲུང་གོ་དང་ན་སྨི་པི་ཡ་རྒྱལ་ཁབ་གཉིས་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གལ་ཆེན་ཡིན་ལ། ཐུན་མོང་གི་ཁེ་ཕན་དང་ཉེ་མཚུངས་ཀྱི་རིན་ཐང་དོན་གཉེར་ཡོད་པས། མཐུན་སྒྲིལ་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་འོས། ཀྲུང་གོ་ཕྱོགས་ཀྱིས་ན་སྨི་པི་ཡ་ཚུད་པའི་ཧྥེ་གླིང་རྒྱལ་ཁབ་སོ་སོ་དང་མཐུན་སྦྱོར་གཞོགས་འདེགས་ལ་མུ་མཐུད་ཤུགས་སྣོན་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཟིལ་ཤུགས་དང་སྟོབས་ཤུགས་རྒྱུན་མཐུད་ངང་སྟོབས་ཆེར་བཏང་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་བ་འཇོག་འདོད་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཧྥེ་གླིང་ལ་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པ་གསར་སྤེལ་བྱེད་རོགས་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་རྒྱུ་ནི་ཧྥེ་གླིང་གི་དེང་རབས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ན་སྨི་པི་ཡ་ཚུད་པའི་ཧྥེ་གླིང་རྒྱལ་ཁབ་སོ་སོ་དང་གཏེར་ལས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་པ་དང་། རྩ་དོན་གསུམ་གཙོར་བཟུང་ནས་དམ་འཛིན་བྱ་དགོས་ཏེ། གཅིག་ནི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། ཧྥེ་གླིང་ཕྱོགས་ལ་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཀྲུང་གོ་ཕྱོགས་ལ་སྔོན་ཐོན་གྱི་ལག་རྩལ་དང་གཞི་ཁྱོན་ཆེ་བའི་ཁྲོམ་ར་ཡོད་པས། ཕྱོགས་གཉིས་ཀྱིས་གསབ་རེས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ཁེ་ཕན་མཉམ་འདྲེས་གཏིང་ཟབ་བྱེད་དགོས། གཉིས་ནི་མཛའ་མཐུན་གྲོས་མོལ་བྱེད་དགོས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་ནི་ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་འགན་སྲུང་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྥེའི་མཛའ་མཐུན་གྱི་སྤྱི་ཡོངས་ནས་འགོ་བཙུགས་ཏེ། མཐུན་སྦྱོར་དང་གྲོས་མོལ་བྱས་པ་བརྒྱུད་མཉམ་ལས་ཁྲོད་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱ་དགོས། གསུམ་ནི་གསར་གཏོད་ཡར་བརྩོན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥེ་གླིང་ཕྱོགས་དང་མཉམ་དུ་ཚོང་ར་ཅན་དང་ཚོང་ལས་ཅན་གྱི་རྩ་དོན་ལྟར། མཉམ་ལས་ཀྱི་བསམ་ཕྱོགས་གསར་གཏོད་བྱས་ནས། ཀྲུང་གོ་དང་ཧྥེ་གླིང་གི་གཏེར་ལས་མཉམ་ལས་ཀྱི་སྤུས་འདེགས་ཕན་བསྐྱེད་ལ་སྐུལ་འདེད་གཏོང་འདོད་ཡོད།
ཨེན་ཏའེ་ཐེ་ཝ་ཡིས་བསྟན་དོན། ན་སྨི་པི་ཡ་དང་ཀྲུང་གོའི་བར་གྱི་མཛའ་བརྩེའི་ལོ་རྒྱུས་ཡུན་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་བོར་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཕྱིན་ཡོད། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ105འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ། ཀྲུང་གོ་ནི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ན་སྨི་པི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས། ཀྲུང་གོའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་ཡོད་ལ། མཐུན་སྒྲིལ་ལ་ཤུགས་སྣོན་དང་། ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། མཉམ་ལས་རྒྱ་སྐྱེད་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་དགོས། ན་སྨི་པི་ཡ་ཏང་དང་ཀྲུང་གོའི་གུང་ཁྲན་ཏང་གིས་ཏང་བར་གྱི་བསམ་བློ་བརྗེ་རེས་ལ་ཤུགས་བསྣན་ནས། འབྲེལ་གཏུག་དང་མཉམ་ལས་དམ་ཟབ་བྱེད་འདོད་ཡོད། ན་སྨི་པི་ཡས་ཀྲུང་གོར་ཉོ་ཚོང་འགྲོ་འོང་བྱེད་རྒྱ་ཆེ་རུ་བཏང་ནས། ཀྲུང་གོའི་ཁེ་ལས་དེ་བས་མང་པོ་ན་སྨི་པི་ཡར་དངུལ་གཏོང་ལས་དར་བྱེད་དུ་ཡོང་བ་དང་། ཕྱོགས་གཉིས་ཀྱིས་བཟོ་ལས་དང་གཏེར་ལས། རྨང་གཞིའི་སྒྲིག་བཀོད། མཁའ་འགྲུལ་མཁའ་སྐྱོད། ཚན་རྩལ། ཞིང་ལས། ཆུ་བེད་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ན་སྨི་པི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོར་ན་སྨི་པི་ཡ་ཚུད་པའི་ཧྥེ་གླིང་གི་རྒྱལ་ཁབ་ལ་སྒེར་སེམས་མེད་པར་རྒྱབ་སྐྱོར་བྱས་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དྲང་བདེན་གྱི་ལངས་ཕྱོགས་བཟུང་ཡོད། ན་སྨི་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་པ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་འདོད་ཡོད།
གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཐུན་མོང་ཐོག་དཔལ་འབྱོར་ཉོ་ཚོང་དང་སྨན་བཅོས་འཕྲོད་བསྟེན། སློབ་གསོ་དང་མི་ཤུགས་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མཚན་རྟགས་བཀོད་པར་བདེན་དཔང་བྱས།
ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ན་སྨི་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱིས་དུས་རབས་གསར་པའི་ཀྲུང་ན་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།
གྲོས་མོལ་མ་བྱས་གོང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིང་ལི་ཡོན་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཨེན་ཏའེ་ཐེ་ཝ་དང་ཁྱོ་ག་ཨད་ཕ་ཧྥུ་ལ་སི་གཉིས་ལ་དགའ་བསུའི་མཛད་སྒོ་བསྡུས།
ཨེན་ཏའེ་ཐེ་ཝ་འབྱོར་རྗེས། གུས་དམག་གྲལ་སྟར་བསྒྲིགས་ནས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྟེགས་བུར་ཕེབས་ནས། དམག་དཔུང་རོལ་ཆའི་རུ་ཁག་གིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས21བརྒྱབ། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཨེན་ཏའེ་ཐེ་ཝས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་ཞིབ་གནང་།
ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ཕིང་ལི་ཡོན་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཨེན་ཏའེ་ཐེ་ཝ་བཟའ་ཟླ་གཉིས་ལ་དགའ་བསུའི་གསོལ་སྟོན་བཤམས།
ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས།