
ཟླ7པའི་ཚེས10ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ལས་ཁུངས་ཀྱི་ཙུང་ལི་ཕེའོ་ཐའེ་ཁྲེང་ལ་མཇལ་འཕྲད་གནང་།
ཟླ7པའི་ཚེས10ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ལས་ཁུངས་ཀྱི་ཙུང་ལི་ཕེའོ་ཐའེ་ཁྲེང་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཟླ་སྔོན་མར་ངས་ཁྲའོ་ཞན་ལ་རྒྱལ་དོན་འཚམས་འདྲི་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་དང་ལྷན་དུ་ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་གྱི་མཛའ་བརྩེ་སྲ་བརྟན་དང་འཕེལ་རྒྱས་གཏོང་ཆེད་རྒྱུན་ཆད་མེད་པར་དུས་རབས་ཀྱི་ནང་དོན་གསར་པ་སྩོལ་རྒྱུར་འཐབ་ཇུས་ཀྱི་ཁྲིད་སྟོན་གནང་། མི་རབས་ནས་མི་རབས་བར་མཛའ་མཐུན་དང་། ལས་དབང་གཅིག་མཐུན། ཕན་ཚུན་རོགས་རེས་བཅས་བྱེད་རྒྱུ་ནི་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བའི་ཁྱད་ཆོས་མངོན་གསལ་ཅན་ཞིག་ཡིན། 《ཀྲུང་ཁྲའོ་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》གིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་དམར་པོ་ཁྲག་ལས་གྲུབ་པའི་དམག་འཐབ་མཛའ་བརྩེ་སྲ་བརྟན་དུ་གཏོང་བར་ཆབ་སྲིད་དང་བཅའ་ཁྲིམས་ཀྱི་རྨང་གཞི་གལ་ཆེན་བསྐྲུན། ང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གཉིས་གཅིག་གྱུར་མོས་མཐུན་བྱུང་སྟེ། ཆིངས་ཡིག་བཞག་ནས་ལོ65འཁོར་བར་གཟབ་རྒྱས་ངང་རྗེས་དྲན་ཞུ་བའི་གོ་སྐབས་དང་བསྟུན་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་རྒན་རབས་ཚོའི་ཐོག་མའི་བསམ་འདུན་མི་བརྗེད་པར། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་མཐུན་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ཁྲིད་སྟོན་བྱས་ཏེ། ལོ་རྒྱུས་ཀྱི་དུས་སྐབས་གསར་པ་རུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མུ་མཐུད་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་རྒྱལ་སྤྱིའི་གནས་བབ་ཟང་ཟིང་དུ་གྱུར་ཡོད། ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་འཐབ་ཇུས་ཀྱི་གདེང་ཚོད་ཇེ་མཐོར་བཏང་སྟེ། ང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གང་མགྱོགས་སྒོས་དོན་འཁྱོལ་བྱས་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་བསྟུན་མདུན་སྐྱོད་ཡོང་བར་འགན་ལེན་བྱེད་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་སྲ་བརྟན་གཏོང་བ་དང་། རང་རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པའི་ཕྱོགས་སུ་འཕེལ་རྒྱས་གཏོང་དགོས། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་དམངས་ཀྱི་འདོད་བློའི་རྨང་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ། ཐུན་མོང་གི་གསར་བརྗེའི་དྲན་ཤེས་དང་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ན་གཞོན་ཚོས་ཀྲུང་གོའི་མི་དམངས་དང་བླངས་དམག་གི་ལོ་རྒྱུས་བྱས་རྗེས་བློ་ལ་བརྟན་པོར་ངེས་པ་དང་། རླབས་ཆེན་གྱི་ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་བརྩེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས། འཐབ་ཇུས་མཉམ་ལས་ལ་ཤུགས་བསྣན་ནས་རང་བདག་དབང་ཆ་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱས་ཏེ། རྒྱལ་ཁབ་གཉིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུར་དགེ་མཚན་ལྡན་པའི་ཕྱི་ཕྱོགས་ཀྱི་ཁོར་ཡུག་བསྐྲུན་དགོས།
ཕེའོ་ཐའེ་ཁྲེང་གིས་ཐོག་མར་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་བྱས་པ་དང་། 《ཁྲའོ་ཀྲུང་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ65འཁོར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཏང་དང་མི་དམངས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་འགོ་ཁྲིད་བྱེད་པར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་འཐོབ་རྒྱུའི་སྨོན་འདུན་ཞུས། ཕེའོ་ཐའེ་ཁྲེང་གིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་རླབས་ཆེན་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི་འཚམས་འདྲི་བྱ་ཡུལ་ཐོག་མ་དེ་ཁྲའོ་ཞན་བདམས་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་ལོ་རྒྱུས་རང་བཞིན་གྱི་ཞལ་འཛོམས་གྲོས་མོལ་གནང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བར་ལམ་ཚད་རྡོ་རིང་གསར་པ་བཙུགས་ནས། ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་གྱི་དམངས་འདོད་རྨང་གཞི་སྔར་བས་ཇེ་བརྟན་དུ་བཏང་། 《ཁྲའོ་ཀྲུང་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》གིས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་ཟུར་ཚད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་བཅའ་ཁྲིམས་ཀྱི་འགན་སྲུང་ནུས་ལྡན་བྱས། ཁྲའོ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ཆིངས་ཡིག་གི་དགོངས་དོན་ལ་གཞིགས་ནས་ཕན་ཚུན་ལྟ་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་བཏང་སྟེ། ལག་གདང་སྦྲེལ་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོང་བྱས། རྒྱལ་ཁབ་གཉིས་ཀྱིས་ཆིངས་ཡིག་བཞག་ནས་ལོ་ངོ65འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བས། ཁྲའོ་ཀྲུང་མཛའ་མཐུན་གྱིས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ཐུབ་པ་སླར་ཡང་མངོན་པར་མ་ཟད། དེ་ལ་ཚད་མཐོའི་འཐབ་ཇུས་རང་བཞིན་ཡང་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱིས་ཁྲའོ་ཞན་དང་ཀྲུང་གོའི་འབྲེལ་བ་དེ་ཆེས་སྟོབས་དང་ལྡན་པའི་འཐབ་ཇུས་འབྲེལ་བར་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་བཏོན། ཁྲའོ་ཞན་ཕྱོགས་ཀྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཐའ་གཅིག་ཏུ་དོན་འཁྱོལ་བྱ་རྒྱུ་ཡིན་ལ། ཀྲུང་གོས་ཐའེ་ཝན་སོགས་ཀྱི་གནད་དོན་ཐད་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཏེ། ཁྲའོ་ཞན་དང་ཀྲུང་གོའི་བར་གྱི་མཐུན་སྒྲིལ་དང་མཛའ་མཐུན། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་བཅས་སྔར་ལས་མཐོ་བའི་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་པ་བསྟན།
ཝང་དབྱི་མཇལ་འཕྲད་ལ་ཞུགས།