ཞི་ཅིན་ཕིང་གིས་ཁེར་གྷི་སི་ཐན་གྱི་སྲིད་འཛིན་དང་གྲོས་མོལ་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 2

ས་གནས་དེ་གའི་དུས་ཚོད་ཟླ8ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁེར་གྷི་སི་ཐན་གྱི་སྲིད་འཛིན་ཀྲ་ཕ་ལུའོ་ཧྥུའུ་རྣམ་གཉིས་ཀྱིས་པི་སི་ཁེ་ཁུའི་ཞི་མཐུན་ཕོ་བྲང་དུ་གྲོས་མོལ་མཛད། འདི་ནི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་ཀྲ་ཕ་ལུའོ་ཧྥུའུ་དང་ལྕམ་མོ་ཀྲ་ཕ་ལུའོ་ཝ་རྣམ་གཉིས་དང་ལྷན་དུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་མདུན་དུ་མཉམ་པར་བསྐྱོན་པའི་རྣམ་པ་རེད། 

ས་གནས་དེ་གའི་དུས་ཚོད་ཟླ8ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁེར་གྷི་སི་ཐན་གྱི་སྲིད་འཛིན་ཀྲ་ཕ་ལུའོ་ཧྥུའུ་རྣམ་གཉིས་ཀྱིས་པི་སི་ཁེ་ཁུའི་ཞི་མཐུན་ཕོ་བྲང་དུ་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་ཐོག་མར་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་ཁེར་གྷི་སི་ཐན་གྱི་རང་བཙན་ཉིན་མོར་དུས་ཆེན་གྱི་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ང་ཚོའི་ཐུན་མོང་གི་སྣེ་ཁྲིད་འོག ཀྲུང་གོ་དང་ཁེར་གྷི་སི་ཐན་བར་གྱི་འབྲེལ་བར་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཕྱོགས་ཡོངས་ནས་གྲུབ་འབྲས་མངོན་ཡོད་པས།  རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་དངོས་སུ་རམ་འདེགས་བྱས་པ་དང་རྒྱ་ཆེའི་མང་ཚོགས་ལ་ཕན་པ་ཐོབ་པ་མ་ཟད། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ལའང་སྐུལ་འདེད་ཀྱི་ནུས་པ་ཐེབས། ད་ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ105འཁོར་བའི་ལོ་ཡིན་ལ། ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཚུགས་པའི་ལོ་ཡང་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཁེར་གྷི་སི་ཐན་ཕྱོགས་ཀྱིས“2030ལོའི་སྔོན་གྱི་རྒྱལ་ཁབ་འཕེལ་རྒྱས་རྩ་གནད”ནུས་ཤུགས་ཡོད་རྒུས་ལག་བསྟར་བྱེད་བཞིན་ཡོད་སྟབས། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་ཕྱོགས་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ཟབ་སྤེལ་བྱེད་པ། ཚོར་ཐུབ་ཅིང་ཕན་གོ་ཆོད་པའི་དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་བསྐྲུན་ནས། ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་རྟོན་དང་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུ་ནི་ཀྲུང་གོ་དང་ཁེར་གྷི་སི་ཐན་བར་གྱི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བའི་འགན་སྲུང་གལ་ཆེན་རེད། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་དང་། ཁེར་གྷི་སི་ཐན་ཕྱོགས་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཁེར་གྷི་སི་ཐན་ཕྱོགས་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་དང་ཁེར་གྷི་སི་ཐན་བར་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག་ལ་མིང་རྟགས་བཀོད་པ་དེས་རྒྱལ་ཁབ་གཉིས་ཀྱི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་དང་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུར་བཅའ་ཁྲིམས་ཀྱི་རྨང་གཞི་གལ་ཆེན་མཁོ་འདོན་བྱ་ངེས། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁེར་གྷི་སི་ཐན་ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་འཆར་འགོད་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཉོ་ཚོང་གི་རིགས་སྣ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གཞི་གྲངས་ཉོ་ཚོང་དང་རྒྱལ་མཚམས་བརྒལ་བའི་དྲ་ལམ་ཉོ་ཚོང་སོགས་འཕར་གནས་གསར་པ་རྒྱ་ཆེར་གཏོང་དགོས། ས་གནས་མི་དམངས་ཀྱི་འཕེལ་རྒྱས་རེ་སྨོན་ཐེག་པའི“འགྲིམ་འགྲུལ་གྱི་འཕར་རྩ་ཆེན་པོ”དེ་ཀྲུང་གོ་དང་ཁེར་གྷི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་སྤུས་ཚད་མཐོ་བའི་སྒོ་ནས་ཡག་པོར་བསྐྲུན་པ་དང་། འགག་སྒོ་དེང་རབས་ཅན་དུ་འགྱུར་བའི་བསྒྱུར་བཀོད་ལག་བསྟར་བྱ་དགོས་ལ། ལམ་ལུགས་དང་ཚད་གཞི། རྩ་དོན་སོགས་“མཉེན་སྦྲེལ་”ཟབ་སྤེལ་བྱ་དགོས། སླར་སྐྱེ་ཐུབ་པའི་ནུས་ཁུངས་དང་ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་སོགས་ཀྱི་ཁྱབ་ཁོངས་སུ་མཚོན་རྟགས་རང་བཞིན་གྱི་ལས་གཞི་སྔར་ལས་མང་བ་ལག་བསྟར་བྱ་དགོས་ལ། ལྗང་མདོག་གཏེར་ཐོན་མཉམ་ལས་ཡིག་ཆ་དོན་འཁྱོལ་ཡག་པོ་བྱས་ནས། ཐོན་ལས་མུ་ཕྲེང་ཧྲིལ་པོའི་མཉམ་ལས་སྤེལ་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་ཚོད་ལྟ་ཁང་བསྐྲུན་ནས། མི་ཐབས་རིག་ནུས་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས་ལ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ནུས་པ་དང་ཕན་འབྲས་བསྩོལ་དགོས། རྒྱལ་ཁབ་གཉིས་ཀྱི་མི་སྣའི་འགྲོ་འོང་ལ་སྔར་ལས་སྐུལ་འདེད་བཏང་སྟེ། ན་གཞོན་དང་སྨྱན་སྦྱོར། ཡུལ་སྐོར། ལུས་རྩལ། སྨན་བཅོས། ས་གནས་སོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་མཛའ་མཐུན་གྱི་སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།