སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་འབུལ་བའི་མཛད་སྒོ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས།
ཁུངས། ཀྲུང་དབྱང་གསར་འགྱུར་མཉམ་སྒྲོག ཀློག་གྲངས། 4

ཟླ9པའི་ཚེས30ཉིན་གྱི་སྔ་དྲོར། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆིས། ཏིང་ཞུའེ་ཞང་། ལི་ཞིས། ཧན་ཀྲེང་སོགས་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ཏེ།  སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་འབུལ་བའི་མཛད་སྒོར་ཞུགས། 

དཔའ་བོའི་གཟི་བརྗིད་ལ་གུས་འདུད་ཞུས་ཏེ་རླབས་ཆེན་བསྐྱར་དར་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ།   སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་འབུལ་བའི་མཛད་སྒོ་ཚེས30ཉིན་གྱི་སྔ་དྲོར་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས།  ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆིས། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ལས་རིགས་སོ་སོའི་འཐུས་ཚབ་པ་དང་ལྷན་དུ་མཛད་སྒོར་ཞུགས། 

བརྗིད་ཉམས་ལྡན་པའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་ཞིང་། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ཀྲོང་ངེར་འགྱིང་། ཐང་ཆེན་གྱི་དཀྱིལ་དུ“མེས་རྒྱལ་ལ་རྟེན་འབྲེལ་ཞུ”ཞེས་པའི་མེ་ཏོག་ཆེན་པོས་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་བཟང་པོ་མཚོན།  རྗེས་དྲན་རྡོ་རིང་གི་བྱང་ངོས་ཀྱི་མེ་ཏོག་སྡིངས་ཆའི་སྟེང་མེ་ཏོག་དཀར་པོ་སོགས་མེ་ཏོག་སྣ་ཚོགས་ལས་གྲུབ་པའི་མེ་ཏོག་གི་ཨ་ལོང18ཀྱིས་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་སྔོན་གཤེགས་དཔའ་བོར་བཅིངས་བའི་བརྩེ་བ་ཟབ་མོ་མཚོན། 

ཆུ་ཚོད་བཅུ་པར་ཉེ་དུས།     ཞི་ཅིན་ཕིང་དང་།   ལི་ཆང་།   ཀྲའོ་ལེ་ཅི།   ཝང་ཧུའུ་ཉིང་། ཚའེ་ཆིས། ཏིང་ཞུའེ་ཞང་། ལི་ཞི།   ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས་མི་དམངས་ཀྱི་དཔའ་བོར་མེ་ཏོག་འབུལ་བའི་མཛད་སྒོར་ཞུགས།  རུ་སྟར་གྱི་མདུན་དུ་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས།  ཀྲུང་དབྱང་དམག་ཨུ། དམངས་གཙོའི་ཏང་ཁག་སོ་སོ།  རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མ་གཏོགས་པའི་རྒྱལ་གཅེས་མི་སྣ།  མི་དམངས་ཚོགས་པ་ཁག་དང་ལས་རིགས་ཁག་གི་མང་ཚོགས།  དམག་མི་རྒན་པ། བློ་མཐུན་རྒན་པ། སྔོན་གཤེགས་དཔའ་བོའི་གཉེན་ཚན།  ཀྲུང་གོ་ན་ཆུང་གདོང་ལེན་རུ་ཁག་བཅས་ཀྱི་མིང་ཐོག་ནས་ཕུལ་བའི་མེ་ཏོག་ཆེན་པོ9རིམ་པར་སྒྲིག་ཅིང་། མེ་ཏོག་གི་གོས་དར་དམར་པོའི་སྟེང་བྲིས་པའི“མི་དམངས་ཀྱི་དཔའ་བོ་ནམ་ཡང་གཟིམས་དུ་མེད”ཅེས་པའི་ཡིག་འབྲུ་དག་མིག་ལ་འཚེར། 

ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་རོལ་ཆ་ཚོགས་པའི་དུང་ཆུང་འབུད་མཁན་གྱིས《སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོའི་དུང་བརྡ》བུད་དེ། རྒྱང་རིང་དུ་གྲགས་པའི་དུང་སྒྲས་མི་སེམས་འགུལ་བར་བྱེད།

གུས་དམག་གིས་གྲ་སྒྲིག་བྱས་རྗེས། དམག་གསུམ་གྱི་གཟབ་སྦྲེང་དམག་གིས་གོམ་སྟབས་བརྟན་པོ་སྤོས་ཏེ་རྗེས་དྲན་རྡོ་རིང་གི་མདུན་དུ་མེ་མདའ་འཁྱེར་ནས་ཀྲོང་ངེར་ལངས།

ཆུ་ཚོད་བཅུ་པ་ཏག་ཏག་ལ་མི་དམངས་དཔའ་བོར་མེ་ཏོག་འབུལ་བའི་མཛད་སྒོ་དངོས་སུ་འགོ་བརྩམས། དམག་མིའི་རོལ་ཆ་ཚོགས་པས《བློས་བླངས་དམག་གི་མདུན་སྐྱོད་གླུ་དབྱངས》དཀྲོལ་གཏོང་བྱས་པ་དང་ཚོགས་ར་ཡོངས་ཀྱིས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། 

རྒྱལ་གླུ་བླངས་རྗེས་ཚོགས་རའི་མི་ཡོངས་གཟབ་ནན་གྱིས་ལངས་ཏེ། ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་ལས་དོན་དང་སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྲུན་ལས་དོན་གྱི་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བཏང་བའི་སྔོན་གཤེགས་དཔའ་བོར་ངག་བསྡམས་མྱ་ངན་ཞུས།

ངག་བསྡམས་མྱ་ངན་ཞུས་རྗེས། ལག་ཏུ་མེ་ཏོག་སོས་པ་འཁྱེར་བའི་ལོ་ཆུང་བྱིས་པ་ཚོས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་ཁ་ཕྱོགས་ནས《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན》ཞེས་པ་སྐད་གསང་མཐོན་པོས་བླངས་པ་མ་ཟད། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིར་གུས་འདུད་ཞུས།

དམག་དཔུང་རོལ་ཆའི་རུ་ཁག་གིས་བརྩེ་དུང་ཟབ་མོའི《མེ་ཏོག་འབུལ་བའི་རོལ་དབྱངས》དཀྲོལ་གཏོང་བྱས་པ་དང་། གུས་དམག་བཅོ་བརྒྱད་ཀྱིས་མེ་ཏོག་གི་སླེ་བོ་ཡར་བཀྱགས་ནས། མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གི་ཕྱོགས་སུ་གོམ་སྟབས་དལ་མོས་བསྐྱོད་དེ། མེ་ཏོག་གི་སླེ་བོ་དྲན་གསོའི་རྡོ་རིང་གི་རྨང་རྡོའི་སྟེང་བཞག

ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དྲན་གསོའི་རྡོ་རིང་གི་རྨང་རྡོར་འགོས་ནས། མེ་ཏོག་གི་མདུན་དུ་ཀྲོང་ངེར་ལངས། དམར་མདངས་བཀྲ་བའི་མེ་ཏོག་དང་་དྲི་ཞིམ་འཐུལ་བའི་ཟེའུ་འབྲུ། མཛེས་སྡུག་རྣམ་པར་བཀྲ་བའི་ཝུན་ཞིན་ལན་བཅས་ཀྱིས་མི་དམངས་དཔའ་བོར་སེམས་གཏིང་ནས་དྲན་གསོ་དང་བླ་ན་མེད་པའི་གུས་འདུད་ཞུ་བའི་རེ་བ་བཅོལ་ཡོད།

ཞི་ཅིན་ཕིང་མདུན་དུ་ཕེབས་ནས། མེ་ཏོག་གི་སླེ་བོ་དང་དར་ཐག་ལེགས་སྒྲིག་ཞིབ་ཕྲ་གནང་། དེའི་རྗེས། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་དལ་གྱིས་སྐོར་བསྐྱོད་གནང་ནས། མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མཇལ།

ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བ་དང་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བའི་ལོ་རེད། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་སྟེང་བསྐྱོད་དུས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག  ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱིས་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་ཆེན་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་ཆེན་རྒྱུན་འཛིན་དང་དར་སྤེལ་བཏང་ནས། བློ་སྟོབས་ཆེན་པོས་ཁེངས་པ་དང་མཐུན་སྒྲིལ་གཅིག་གྱུར་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

ལོ་ཆུང་བྱིས་པ་དང་ལས་རིགས་སོ་སོའི་འཐུས་མི་ཡང་རིམ་གྱིས་དྲན་གསོའི་རྡོ་རིང་མདུན་དུ་བསྐྱོད་དེ་མེ་ཏོག་སོས་པ་ཕུལ་བ་མ་ཟད་དྲན་གསོའི་རྡོ་རིང་ལ་མཇལ།

མེ་ཏོག་གི་སླེ་བོ་འབུལ་བའི་མཛད་སྒོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དབྱི་ལི་ཡིས་འགོ་འཛིན་མཛད།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཁག་ཅིག་དང་། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁག་ཅིག་བཅས་མཛད་སྒོར་ཞུགས།

ཀྲུང་དབྱང་ཏང་སྲིད་དམག་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་གཙོ་བོ། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་མི། པེ་ཅིང་དུ་ཡོད་པའི་འཐབ་མོ་བ་རྒན་པ་དང་བློ་མཐུན་རྒན་པ།  སྔོན་གཤེགས་དཔའ་བོའི་གཉེན་ཚན་བཅས་ཀྱི་འཐུས་མི། པེ་ཅིང་གི་བྱས་རྗེས་མཚན་སྙན་གཟེངས་བསྟོད་བྱ་དགའ་ཐོབ་མཁན་གྱི་འཐུས་མི། རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པའི་ཁོངས་མི་དང་རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི་སོགས་མཛད་སྒོར་ཞུགས།