

ཟླ10ཚེས13ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཐོ་ཀོའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཧྥུའུ་ལེ་དང་མཇལ་འཕྲད་གནང་།
ཟླ10ཚེས13ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཐོ་ཀོའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཧྥུའུ་ལེ་དང་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣས་ཕྱོགས་གཉིས་ཀྱི་འབྲེལ་བའི་གཏན་གནས་དེ་དུས་རབས་གསར་པའི་ཀྲུང་ཐོ་ལས་སྐལ་གཅིག་མཐུན་ཚོགས་པར་སྤར་རྒྱུ་ཁྱབ་བསྒྲགས་བྱས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཐོ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ནི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྒན་རབས་པས་དངོས་སུ་བཙུགས་པ་ཡིན་ལ། རྩ་བ་ཟབ་ཅིང་ལོ་རྒྱུས་ཀྱི་རྒྱུན་རིང་། ལོ་མང་པོའི་རིང་། ཕྱོགས་གཉིས་ཀྱིས་མཐུན་སྒྲིལ་རོགས་རེས་བྱས་ནས། མཉམ་ལས་ཀྱི་འབྲེལ་ཐག་རྒྱུན་ཆད་མེད་པར་ཇེ་བརྟན་དང་མི་དམངས་བར་གྱི་རྒྱུས་མངའ་ཇེ་ཟབ་ཏུ་བཏང་སྟེ། དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་ཏུ་ཀྲུང་ཧྥེ་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་གསོན་ཉམས་ལྡན་པའི་ལེའུ་བརྩམས། ཀྲུང་ཐོ་མཛའ་བརྩེའི་མཉམ་ལས་ཀྱི་འདུ་ཤེས་གཅིག་མཐུན་ཡིན་པ་དང་མདུན་ལམ་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོའི་འགྲོ་འོང་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱེད་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་གལ་ཆེན་ཐད་ནས་མཐའ་གཅིག་ཏུ་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་དགོས། སྒོ་ཁྲལ་སྤྲོད་མི་དགོས་པའི་བྱེད་ཐབས་ནི་ཀྲུང་གོས་ཧྥེ་གླིང་གི་རང་བདག་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། ལམ་ལུགས་ཅན་གྱི་སྒོ་འབྱེད་ལ་བརྟེན་ནས་ཀྲུང་ཧྥེ་མཉམ་ལས་ལ་ཕན་འདོགས་པའི་དམིགས་བསལ་གྱི་བཀོད་སྒྲིག་ཅིག་ཡིན། ཐོ་ཀོའི་སྒོ་ཁྲལ་མི་དགོས་པ་དང་ཀྲུང་གོར་ཕྱིར་གཏོང་བྱེད་པའི་ཐོན་རྫས་ཀྱི“གེགས་མེད་བགྲོད་ལམ”སོགས་ཀྱི་བྱེད་ཐབས་ལེགས་པར་སྤྱད་དེ། ས་ཁུལ་གྱི་ཉོ་ཚོང་དང་ཟོང་འགྲུལ་སོགས་འགག་རྩའི་ནུས་པ་སྔར་བས་འདོན་སྤེལ་བྱས་ནས། རང་རྒྱལ་ཁབ་དང་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་སྔར་ལས་མང་བ་ཀྲུང་གོའི་ཁྲོམ་རར་ཞུགས་པར་དགའ་བསུ་ཞུ། ཀྲུང་གོ་ཕྱོགས་ཀྱིས་ཐོ་ཀོས་རྒྱལ་མཚམས་བརྒལ་ནས་དམངས་སྒོར་སྤྱོད་པར་སྐུལ་འདེད་བཏང་བར་བསྟོད་བསྔགས་བྱེད་ཀྱིན་ཡོད་དེ། ཐོ་ཕྱོགས་དང་མཉམ་དུ་ནུས་ཁུངས་གསར་པ་དང་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཐོ་ཀོའི་བཟོ་ལས་ཅན་གྱི་འཕེལ་རིམ་ལ་རོགས་རམ་བྱེད་འདོད་ཡོད། ཀྲུང་གོ་དང་ཐོ་ཀོའི་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་ལངས་ཕྱོགས་གཅིག་པས། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་དང་། ལག་གདང་སྦྲེལ་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་བཅོས་བསྒྱུར་དང་འཐུས་ཇེ་ཚང་དུ་གཏོང་བར་སྐུལ་འདེད་བཏང་སྟེ། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ཕྱོགས་སོ་སོ་དགེ་མཚན་ལྡན་པའི་ངང་ཧྥེ་གླིང་གི་གླེང་མང་བའི་གནད་དོན་ཐག་གཅོད་པའི་ཁྲོད་ཞུགས་པའི་ཐད་ནས་རྩ་དོན་བཞི་བཏོན་པ་སྟེ། གཅིག་ནས་ཧྥེ་གླིང་གིས་གཙོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱ་དགོས་ལ། ཧྥེ་གླིང་མི་དམངས་ནི་ཧྥེ་གླིང་གི་བདག་པོ་ངོ་མ་དེ་ཡིན་པས། ས་ཁུལ་གྱི་ལས་དོན་ཁྲོད་ལྟེ་བའི་ནུས་པ་འདོན་དགོས། གཉིས་ནས་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱ་དགོས་ལ། ཟབ་ཞུགས་ཕྱོགས་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་དང་རྩ་དོན་བརྩི་སྲུང་བྱས་ཏེ། དོ་བདག་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱ་དགོས། གསུམ་ནས་འཁྲུག་རྩོད་ཞི་འཇགས་སུ་གཏོང་བར་སྐུལ་འདེད་གཏང་དགོས་ལ། དམག་འཁྲུག་དང་ཕྱོགས་རྐྱང་པའི་བཀག་སྡོམ་གྱིས་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འགལ་བ་ངེས་པ་དོན་གྱིས་ཐག་གཅོད་མི་ཐུབ་པས། ཕན་ཚུན་བརྩི་འཇོག་དང་ཡོངས་ཁྱབ་ཏུ་གྲོས་མོལ་བྱ་དགོས་ཤིང་། མཐུན་པ་ཡོང་ཐབས་དང་མི་མཐུན་སོར་འཇོག ཕན་ཚུན་བཟོད་སྒོམ་བཅས་རྒྱུན་འཁྱོངས་བྱ་དགོས། བཞི་ནས་རྩ་ལག་མཉམ་བཅོས་བྱས་ནས་མིག་སྔའི་བདེ་འཇགས་ལ་དམིགས་དགོས་པ་མ་ཟད་རྒྱང་རིང་གི་འཕེལ་རྒྱས་ལའང་འཆར་འགོད་བྱ་དགོས།

ཟླ10ཚེས13ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཐོ་ཀོའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཧྥུའུ་ལེ་དང་མཇལ་འཕྲད་གནང་།
ཧྥུའུ་ལེ་ཡིས་བསྟན་དོན། ཐེངས་འདིར་ཀྲུང་གོར་འཚམས་འདྲིར་ཡོང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་རྒྱས་གོང་འཕེལ་བྱུང་ཡོད་པ་མཐོང་བ་མ་ཟད། ཀྲུང་གོའི་སྲིད་སྐྱོང་འདུ་ཤེས་དང་རྒྱལ་ཁའི་གསང་བར་སྔར་ལས་རྒྱུས་ལོན་བྱུང་། ཐོ་ཀོ་དང་ཀྲུང་གོའི་བར་གྱི་སྲོལ་རྒྱུན་མཛའ་བརྩེའི་ལོ་རྒྱུས་ཀྱི་རྒྱུན་རིང་། སང་ལོ་ནི་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ55འཁོར་བའི་ལོ་རེད། ཐོ་ཕྱོགས་ནས་ཀྲུང་གོ་ཕྱོགས་དང་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་ཟབ་དང་གླེང་མོལ་བརྗེ་་རེས་ལ་ཤུགས་སྣོན་པ། གཉིས་ཕན་མཉམ་ལས་དམ་ཟབ་བཅས་བྱས་ནས། དུས་རབས་གསར་པའི་ཐོ་ཀྲུང་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད། ཐོ་ཕྱོགས་ནས་ཀྲུང་གོ་ཕྱོགས་ཀྱི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་ཟབ་མོ་བྱས་ནས་དཔྱད་གཞིར་འཛིན་འདོད་ཡོད་དེ། ཀྲུང་གོའི་ཁེ་ལས་ཀྱིས་ཐོ་ཀོ་རུ་དངུལ་གཏོང་ལས་དར་བྱེད་པར་དགའ་བསུ་ཞུ་ཞིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཉོ་ཚོང་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཚན་རྩལ་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་འདོད་ཡོད། ཐོ་ཕྱོགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱོགས་སོ་སོ་དགེ་མཚན་ལྡན་པའི་ངང་ནས་ཧྥེ་གླིང་གི་གླེང་མང་བའི་གནད་དོན་ཁྲོད་ཞུགས་པའི་ཐད་བཏོན་པའི་རྩ་དོན་གལ་ཆེན་ལ་ཡོངས་སུ་འཐད་པ་ཡིན་པ་དང་། ཀྲུང་གོས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོབ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་གདོང་གཏོད་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་པར་བསྟོད་བསྔགས་ཆེན་པོ་བྱེད་ཅིང་། ཀྲུང་གོ་ཕྱོགས་དང་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་འདོད་ཡོད།
ཝང་དབྱི་མཇལ་འཕྲད་ལ་ཞུགས།