ཞི་ཅིན་ཕིང་གིས་ཨ་མན་སུའུ་ཏན་དང་གྲོས་མོལ་མཛད།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཟླ11པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་འཚམ་འདྲིར་ཕེབས་པའི་ཨ་མན་སུའུ་ཏན་གྱི་ཧའེ་སའེ་མུའུ་དང་གྲོས་མོལ་གནང་།

དགའ་བསུ་མཛད་སྒོའི་རྗེས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མན་སུའུ་ཏན་གྱི་ཧའེ་སའེ་མུའུ་དང་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་མན་གྱི་མཛའ་བརྩེའི་ལོ་རྒྱུས་ཡུན་རིང་ཞིང་།  རྨང་གཞི་བརྟན་པས། མདུན་ལམ་རྒྱ་ཆེན་པོ་ལྡན། ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་བློ་དཀར། ཕན་ཚུན་བརྩི་འཇོག དྲང་བདེན་མཉམ་སྐྱོད་བཅས་བྱས་ཏེ། ལོ་ངོ་སྟོང་ཕྲག་རིང་རྒྱུན་མཐུད་པའི་ཀྲུང་གོ་དང་ཨ་མན་གྱི་མཛའ་མཐུན་ལོ་རྒྱུས་ཡུན་རིང་བ་ཡིན། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་རེར་ཇེ་བརྟན་དུ་ཕྱིན་པ་དང་། གཉིས་ཕན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་སྟེ། སྲོལ་རྒྱུན་གྱི་མཛའ་བརྩེ་མི་སེམས་ལ་ཟུག་ཡོད། ཀྲུང་གོ་དང་ཨ་མན་གྱི་འབྲེལ་བ་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་རྒྱུ་ནི་ཕྱོགས་གཉིས་ཀའི་ཐུན་མོང་གི་འཐབ་ཇུས་གདམ་ག་ཡིན་ཞིང་། དུས་རབས་ཀྱི་རླབས་རྒྱུན་དང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་འཚམ་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་མན་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཨ་མན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་པ་དང་། ས་ཁུལ་ཞི་བདེ་དང་། བརྟན་བརླིང་། དར་རྒྱས་བཅས་ཡོང་ཆེད་བྱས་རྗེས་འཇོག་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་འཚམས་འདྲི་ནི་ཀྲུང་གོ་དང་ཨ་མན་སུའུ་ཏན་བར་ཕྱི་འབྲེལ་བཙུགས་ནས་ལོ48འགོར་བའི་རིང་། ཨ་མན་རྒྱལ་ཁབ་ཀྱི་གཙོ་འཛིན་ཀྲུང་གོར་འཚམས་འདྲི་ཕེབས་ཐེངས་དང་པོ་ཡིན་པ་དང་། ཐེངས་འདིའི་གྲོས་མོལ་དེ་ཀྲུང་གོ་དང་ཨ་མན་འབྲེལ་བའི་ལོ་རྒྱུས་ཀྱི་དུས་འགངས་གལ་ཆེན་ཞིག་ཏུ་གྱུར་ཏེ།  ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྩོལ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། ཀྲུང་གོ་དང་ཨ་མན་རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཨ་མན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་ཀྱི་རང་མདངས་སྔར་ལས་ཇེ་གསལ་དུ་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་མན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། བདེ་འཇགས། བརྟན་བརླིང་བཅས་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ཏེ། རང་གི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་རང་བརྟེན་འཚོལ་ཞིབ་བྱས་ནས་ཨ་མན་ཕྱོགས་དང་མུ་མཐུད་ནས་མཐའ་གཅིག་ཏུ་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་རྒྱལ་གྱི་གཞི་རྩ་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་བཏང་སྟེ། ཨ་མན་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོར་གོ་སྐབས་སྔར་ལས་ཆེ་བ་སྩོལ་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་མན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་བཏང་སྟེ། བརྟན་ཞིང་བློ་གཏད་ཆོག་པའི་ནུས་ཁུངས་མཉམ་ལས་གྲོགས་པོ་དང་། བག་ཤུགས་ཀྱིས་ཕྱུག་པའི་དངུལ་གཏོང་མཉམ་ལས་གྲོགས་པོ། མཐུན་སྦྱོར་གསར་གཏོད་བྱེད་པའི་ལག་རྩལ་མཐོ་བའི་མཉམ་ལས་གྲོགས་པོ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་མཉམ་ལས་སྔར་ལས་ལངས་གཟུགས་དང་ཆ་ཚང་ཡོང་བར་སྐུལ་འདེད་བཏང་སྟེ། ཐོན་ལས་དང་། དངུལ་གཏོང་། མིས་ཐབས་རིག་ནུས། ཚན་རྩལ་དང་མི་ཚུལ་བཅས་ཀྱི་བརྗེ་རེས་ལ་ཤུགས་བསྣན་ནས་རང་སོ་སོའི་དར་རྒྱས་གོང་འཕེལ་དང་དེང་རབས་ཅན་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་འདོད་ཡོད། ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་བསྐྱངས་ནས་དམངས་སེམས་གཅིག་སྦྲེལ་གྱི་འབྲེལ་ཐག་ཇེ་དམ་དུ་བཏང་སྟེ། སློབ་གསོ་དང་། ཡུལ་སྐོར། འཕྲོད་བསྟེན། གསར་འགྱུར་དང་། ལུས་རྩལ་སོགས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཨ་མན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཡང་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། དབུས་ཤར་མཚོ་ཁུག་ས་ཁུལ་དེ་རྒྱལ་ཁབ་ཆེན་པོའི་འགྲན་རྩོད་དང་ས་བབ་བར་གྱི་འགལ་བའི་ཤུགས་འགྲན་ར་བ་ཞིག་ཏུ་འགྱུར་མི་རུང་། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་ཕྱོགས་སོ་སོས་ཐུན་མོང་ཐོག་གཅེས་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དམག་འཁྲུག་མཚམས་འཇོག་རྒྱུར་ཧུར་ཐག་གིས་སྐུལ་འདེད་བཏང་ནས། ས་ཁུལ་བདེ་འཇགས་ཀྱི་དཀའ་ངལ་སེལ་ཆེད་བློ་གྲོས་དང་ཇུས་གཞི་འབུལ་རྒྱུའི་རེ་བ་ཡོད། ང་ཚོས་ཆབ་སྲིད་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ནས་རྩོད་གཞི་སེལ་རྒྱུར་མུ་མཐུད་སྐུལ་སྤེལ་བཏང་སྟེ། ས་ཁུལ་དང་རྒྱལ་ཁབ་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་དང་། འཕེལ་རྒྱས། བདེ་འཇགས་དང་། མཉམ་ལས་བཅས་ཀྱི་ཐུན་མོང་གི་ཁྱིམ་གཞིས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་མན་རྒྱལ་ཁབ་ཚུད་པའི་ཨ་རབ་རྒྱལ་ཁབ་དང་མཚོ་ཁུག་མཉམ་ལས་ཨུ་ཡོན་ལྷན་ཚོགས་རྒྱལ་ཁབ་ཀྱི་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ།  ཐུན་མོང་ཐོག་ས་ཁུལ་གྱི་ཞི་བདེ་དང་ཞི་འཇགས་སྔ་མོ་ནས་སླར་གསོ་་དང་ཡུན་རིང་བདེ་འགོད་ཡོང་བར་ཧུར་བརྩོན་བྱ་འདོད་ཡོད།

ཧའེ་སའེ་མུའུ་ཡིས་བསྟན་དོན། རླབས་ཆེའི་མཛའ་མཐུན་གྱི་ཀྲུང་གོར་འཚམས་འདྲིར་ཕེབས་པར་ཧ་ཅང་དགའ་པོ་བྱུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོ་འདི་ཉིད་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་གྱུར་ནས། འཛམ་གླིང་དར་རྒྱས་བརྟན་བརླིང་ཡོང་བར་བྱས་རྗེས་གལ་ཆེན་ཕུལ་ཡོད། ཨ་མན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་མཐུན་གྱིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་བཞིན་ཡོད། ཨ་མན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཐེངས་འདིའི་འཚམས་འདྲི་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བྱས་ནས་མཉམ་ལས་ཀྱི་གོ་སྐབས་སྔར་ལས་མང་པོ་སྔོག་འདོན་བྱས་ཏེ། མ་འོངས་པར་ཁ་ཕྱོགས་པའི་གྲོགས་པོའི་འབྲེལ་བ་བཙུགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ནི་ལོ་མང་པོའི་རིང་ལ་ཨ་མན་གྱི་ཉོ་ཚོང་གྲོགས་པོ་ཆེན་པོ་ཞིག་ཡིན་ལ། ཀྲུང་གོའི་ཁེ་ལས་ཀྱིས་ཨ་མན་ལ་དངུལ་གཏོང་བྱེད་ཚད་རྒྱུན་ཆད་མེད་པར་འཕར་བ་དང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འབྲེལ་བ་སྔར་ལས་ལྷག་པའི་ཕྱོགས་ཡོངས་དང་སྣ་མང་ཅན་དུ་གྱུར་ཡོད། ཨ་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱས་ཏེ། ཚོང་དོན་དང་། དངུལ་གཏོང་། བཟོ་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། མིས་ཐབས་རིག་ནུས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། མི་ཚུལ་བརྗེ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་ཚུན་རྒྱུས་མངའ་དང་མཛའ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོང་བྱེད་པར་མེད་དུ་མི་རུང་བའི་འགོ་ཁྲིད་ཀྱི་ནུས་པ་འདོན་བཞིན་ཡོད། ཨ་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དབུས་ཤར་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ་རྒྱལ་སྤྱིའི་བཅའ་ཁྲིམས་ལ་སྲུང་སྐྱོབ་བྱེད་པ་དང་།  ཞི་བའི་ཐབས་ལ་བརྟེན་ནས་འགལ་བ་ཐག་གཅོད་པ་རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་བདེ་འཇགས་དང་བརྟན་བརླིང་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།

གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཐོན་ལས་འདོན་སྤྲོད་མུ་ཕྲེང་དང་ལྗང་མདོག་འཕེལ་རྒྱས། གཞི་གྲངས་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་གནང་།

འཚམས་འདྲིའི་སྐབས་སུ། ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་མན་སུའུ་ཏན་རྒྱལ་ཁབ་ཀྱི་ཀྲུང་ཨ་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཟབ་སྤེལ་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།

ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་འོད་ཚོམས་ཆེན་དུ་ཧའེ་སའེ་མུའུ་ལ་དགའ་བསུའི་གསོལ་སྟོན་བཤམས།

ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས།