
ཟླ11པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲིན་དུ་ཀྲུང་གོར་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པར་ཡོང་བའི་ཧན་གོའི་སྲིད་འཛིན་ལི་ཙའེ་མིང་ལ་མཇལ་འཕྲད་གནང་།
ཟླ11པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲིན་དུ་ཀྲུང་གོར་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པར་ཡོང་བའི་ཧན་གོའི་སྲིད་འཛིན་ལི་ཙའེ་མིང་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧན་གོ་གཉིས་ནི་མཛའ་མཐུན་ཁྱིམ་མཚེས་དང་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་ཀྱི་གནས་ཚུལ་མི་འདྲ་ཡང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་དམིགས་འབེན་གཅིག་མཐུན་ཡིན། སང་ལོ་ནི་ཀྲུང་གོ་དང་ཧན་གོའི་བར་ཕྱི་འབྲེལ་བཙུགས་ནས་ལོ35འཁོར་བའི་ལོ་ཡིན་ལ། ཕྱོགས་གཉིས་ཀྱིས་གོ་སྐབས་དེ་དང་བསྟུན་ནས་ཉམས་མྱོང་ཕྱོགས་སྡོམ་དང་མ་འོངས་འཆར་འགོད་བྱས་ཏེ། ཀྲུང་གོ་དང་ཧན་གོ་གཉིས་ཀྱི་འབྲེལ་བའི་བརྟན་བརླིང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འོས། ཕྱོགས་གཉིས་ཀྱིས་འཐབ་ཇུས་རང་བདག་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་སྲུང་སྐྱོང་ཡག་པོ་བྱེད་པ་དང་། ཀྲུང་གོ་དང་ཧན་གོའི་བར་གྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་དགོས། རྒྱལ་ཁབ་གཉིས་ཀྱི་སྲིད་ཏང་དང་སྲིད་གཞུང་། ཁྲིམས་འཛུགས་ལས་ཁུངས་བཅས་ཀྱིས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐུན་མོང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཧན་གོ་གཉིས་ཀྱིས་རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་དུས་རིམ་གཉིས་པའི་གྲོས་མོལ་ལེགས་འགྲུབ་བྱས་པ་དེ་གཉིས་ཕན་མཉམ་རྒྱལ་གྱི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏོང་བར་ཕན་ཐོགས་ཡོད། ཕྱོགས་གཉིས་ཀས་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་འདི་བེད་སྤྱོད་གང་ལེགས་བྱེད་དགོས་ལ། སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་མི་ཐབས་རིག་ནུས་སོགས་གསར་དར་ཚན་རྩལ་ཐོན་ལས་མཉམ་ལས་ཀྱི་ཁོར་ཡུག་གསོ་སྐྱོང་བྱས་ཏེ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མི་སྣའི་འགྲོ་འོང་ལ་མུ་མཐུད་ནས་སྐུལ་འདེད་གཏོང་བ་དང་། རིམ་བཞིན་དུ་སྐྱོན་བྲལ་དང་ཕན་ཐོགས་པའི་རིག་གནས་བརྗེ་རེས་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལྟའི་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཆེ་ལ། ཀྲུང་གོ་དང་ཧན་གོ་གཉིས་ནི་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་གི་ཕན་ཁེ་ཐོབ་མཁན་ཡིན། ཕྱོགས་གཉིས་ཀྱིས་ཕྱོགས་མང་མཉམ་ལས་ལ་སྔར་བས་ཤུགས་བསྣན་ནས། ཐུན་མོང་ཐོག་དོན་དམ་པའི་ཕྱོགས་མང་རིང་ལུགས་ལག་ལེན་དུ་བསྟར་དགོས་ལ། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་མཐུན་ཚོགས་པ་དང་། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཆེད་དུ་བྱས་རྗེས་ཆེན་པོ་འཇོག་དགོས་ལ། གོ་ལ་ཧྲིལ་པོའི་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་བརྟན་པོའི་ངང་ཤར་གཏོང་ཐུབ་པར་སྲུང་སྐྱོང་བྱས་ནས། དེ་བས་དྲང་བདེན་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས།
ལི་ཙའེ་མིང་གིས་བསྟན་དོན། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཐབ་ཇུས་སྣེ་ཁྲིད་འོག ཧན་གོ་དང་ཀྲུང་གོའི་འབྲེལ་བ་ཕྱོགས་ཡོངས་ནས་སླར་གསོ་ཡོང་བའི་རྣམ་པ་ཟམ་མི་ཆད་པར་ཇེ་བརྟན་དུ་སོང་ལ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་མགྱོགས་མྱུར་གྱིས་འཕར་བ་དང་། མི་སྣའི་འགྲོ་འོང་དམ་ཞིང་ཕན་ཚུན་བར་གྱི་ཤེས་རྟོགས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་དངོས་བསྐྲུན་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་འགྱུར་མི་སྲིད་ལ། སང་ལོ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ35འཁོར་བ་གོ་སྐབས་སུ་བཟུང་སྟེ། ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། ཉོ་ཚོང་དང་དངུལ་གཏོང་། ཐོན་སྐྱེད་དང་མཁོ་སྤྲོད་མུ་ཕྲེང་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས་ཤིང་། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་བཏང་ནས། དེ་བས་གནད་འཁེལ་འཐུས་ཚང་གི་ཧན་ཀྲུང་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་བདེ་བླག་ངང་འཁུར་བར་རྟེན་འབྲེལ་ཞུ་བ་མ་ཟད་རྒྱབ་སྐྱོར་བྱས་པ་ཡིན་ལ། ཀྲུང་གོའི་ཕྱོགས་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ། ཐུན་མོང་དར་རྒྱས་ཀྱི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད།
ཚའེ་ཆི་དང་། ཝང་དབྱི། ཧོང་ཁོན་མུན་སོགས་མཇལ་འཕྲད་ལ་ཞུགས།