ཧང་ག་རིའི་ཕྱི་འབྲེལ་བློན་ཆེན་གྱིས་ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་དུ་འཇུག་མི་སྲིད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཧང་ག་རིའི་ཕྱི་འབྲེལ་དང་ཕྱི་ཕྱོགས་དཔལ་འབྱོར་པུའུ་ཀྲང་ཞི་ཡཱ་ཨར་ཏའོ་ཡིས་ཚེས27ཉིན་པུའུ་ཏཱ་ཕའེ་སི་ནས་བཤད་རྒྱུར། ཧང་ག་རི་ཡིས་ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་དུ་འཇུག་མི་སྲིད་པ་དང་། རྒྱུ་མཚན་ནི་ཡོ་རོབ་གླིང་སྐམ་ས་ཆེན་མོར་འཇིགས་ཉེན་ཐེབས་སྲིད་པས་ཡིན་ཟེར།

ཞི་ཡཱ་ཨར་ཏའོ་ཡིས་ཉིན་དེར་རྒྱལ་ཚོགས་ནས་གྲོས་མིའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ང་རང་ཕྱི་འབྲེལ་བློན་ཆེན་ཡིན་པ་དང་ཨིག་ཨར་པན་ཙུང་ལི་ཡིན་པའི་སྐབས་སུ། ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་ཐབས་མེད་པ་ཁོ་ཐག་ཡིན་ཟེར།

ཞི་ཡཱ་ཨར་ཏའོ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་ངོ་བོ་རང་བཞིན་ལྡན་པའི་གྲོས་མོལ་ཙམ་ཡིན་ཡང་ཡོ་རོབ་གླིང་ལ་འཇིགས་ཉེན་བཟོ་སྲིད། རྒྱུ་མཚན་ནི་ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་ན་ཡོ་རོབ་གླིང་གི་བདེ་འཇགས་དང་དཔལ་འབྱོར་འཁོར་སྐྱོད། ངལ་རྩོལ་ནུས་པའི་ཚོང་རའི་འཁོར་སྐྱོད་སོགས་ལ་འཇིགས་ཉེན་ཐེབས་སྲིད་པས་ཡིན་ཟེར།

ཞི་ཡཱ་ཨར་ཏའོ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་ངོ་བོ་རང་བཞིན་ལྡན་པའི་གྲོས་མོལ་ད་ལྟའི་བར་མགོ་རྩོམ་མ་ཐུབ་པ་ནི། ཧང་ག་རི་ཡིས་གྲོས་ཆོད་དེ་དང་ལེན་མ་བྱས་པས་ཡིན་ལ། ཧང་ག་རིའི་སྲིད་གཞུང་གིས་དེའི་དབང་གིས་གནོན་ཤུགས་ཆེན་པོ་ཁུར་ཡོད་ཟེར། ཁོས་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པ་དང་ཡོ་རོབ་གླིང་ནུབ་མའི་ཆབ་སྲིད་མགོ་ཁྲིད་པ་གཙོ་བོ་རེ་འགས་ཞི་བདེའི་བྱ་བར་སྐུལ་འདེད་མ་བཏང་བར་ཞི་བདེ་ལ་གཏོར་བརླག་བཏང་བར་སྐྱོན་བརྗོད་བྱས།

ཧང་ག་རི་ནི་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན། ཨིག་ཨར་པན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་བྱེད་པ་དེར་དོགས་པ་ཟ་བའི་རྣམ་འགྱུར་བཟུང་ཡོད་པར་མ་ཟད། ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་ཀྱིན་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།