ཕུའུ་ཅིན་གྱིས་ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་ཚོས་ཧྲན་ཅི་དང་གྲོས་མོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས27ཉིན་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་ཚོས་ཧྲན་ཅི་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཨུ་རུ་སི་དང་ཁྲའོ་ཞན་གྱི་འབྲེལ་བ་དེ་གཏན་འཁེལ་བྱས་པའི་འཆར་གཞི་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཟེར།

ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། གྲོས་མོལ་བྱེད་སྐབས་ཕྱོགས་གཉིས་ཀྱིས་ཨུ་རུ་སི་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱི་མཉམ་ལས་ཁྱབ་ཁོངས་གཙོ་བོ་དང་། མིག་སྔའི་རྒྱལ་སྤྱིའི་གནད་དོན་གལ་ཆེན་ལ་གྲོས་བསྡུར་བྱས། ཨུ་རུ་སིའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་འཕེལ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་རུང་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་ཟེར།

ཉིན་དེར་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཚོས་ཧྲན་ཅི་གཉིས་ཀྱིས་ཀྱང་གྲོས་མོལ་བྱས། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། གྲོས་མོལ་བྱེད་སྐབས་ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་དངོས་ཡོད་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། གཙོ་བོ་ཕུའུ་ཅིན་དང་ཅིན་ཀྲིན་ཨིན་གྱིས་དེའི་སྔོན་བཀོད་པའི་གྲོས་མཐུན་སྣ་ཚོགས་དངོས་འབེབས་བྱེད་པར་གྲོས་བསྡུར་བྱས། ཨུ་རུ་སིའི་ཕྱོགས་ཀྱིས་ཁྲའོ་ཞན་མགོ་ཁྲིད་རིམ་པས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད་སྤྱད་པའི་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

གཞན་ཡང་ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས28ཉིན་བསྒྲགས་པ་ལྟར་ན། ཚོས་ཧྲན་ཅི་ཡིས་ཕུའུ་ཅིན་དང་གྲོས་མོལ་བྱེད་སྐབས་ཕྱིན་ཆད་ཁྲའོ་ཞན་དང་ཨུ་རུ་སིའི་འབྲེལ་བར་ཤུགས་སྣོན་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་བརྗེ་རེས་བྱས་པ་དང་། ཁྲའོ་ཞན་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་གྲོས་མོལ་བྱེད་སྐབས་གཙོ་བོ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཀོད་པའི་རིམ་པ་ཆེས་མཐོ་བའི་གྲོས་མཐུན་གྱི་ལག་བསྟར་གྲུབ་འབྲས་དང་། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་། ཕྱོགས་མང་བོའི་མཉམ་ལས་འཆར་གཞི་སོགས་ཀྱི་ཐད་ནས་འཐབ་ཇུས་འབྲེལ་འདྲིས་བྱས་པ་དང་། གྲོས་བསྡུར་བྱས་པའི་གནད་དོན་ཚང་མར་ཐུན་མོང་ལྟ་ཚུལ་བྱུང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།