མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གི་སྙན་ཞུ་ལས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་ནམ་ཟླའི་ཐད་ཀྱི་མ་དངུལ་ཆད་ཁ་ཇེ་ཆེར་འགྲོ་བཞིན་ཡོད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གིས་ཚེས29ཉིན་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ནས2025ལོའི་བར་ཁྱད་དང་བསྟུན་པའི་སྙན་ཞུ་ལས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་ཐད་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་མ་དངུལ་གྱི་ཆད་ཁ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཚེ་སྲོག་གི་བདེ་འཇགས་དང་འཚོ་ཐབས་ཀྱི་གཏན་འཇགས། དཔལ་འབྱོར་འཕེལ་རྒྱས་བཅས་ལ་འཇིགས་ཉེན་བཟོ་བཞིན་ཡོད་ཟེར།

སྙན་ཞུ་ལས་བསྟན་དོན། 2035ལོའི་བར། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་ལོ་རེའི་ནམ་ཟླའི་ཐད་ཀྱི་མ་དངུལ་དགོས་མཁོ་མེ་སྒོར་ཁྲག་ཁྲིག་གསུམ་དང་ཐེར་ཆེན་གཅིག་ལས་བརྒལ་ཡོད་ལ། དེ་མིག་སྔའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་ཐོབ་ཐུབ་པའི་རྒྱལ་སྤྱིའི་སྤྱི་བའི་བབ་མཐུན་མ་དངུལ་ལས་རིང་དུ་བརྒལ་ཡོད་ཟེར།

སྙན་ཞུའི་གཞི་གྲངས་ལས་མངོན་པ་ལྟར་ན། 2023ལོར། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་ཐོབ་པའི་རྒྱལ་སྤྱིའི་སྤྱི་བའི་མ་དངུལ་མེ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་དྲུག་ཡིན་པ་དང་། ལོ་སྔོན་མ་འི་མེ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་བརྒྱད་ལས་ཇེ་དམའ་རུ་སོང་ཡོད།

མིག་སྔའི་གནས་བབ་ལྟར་ན། ཀི་ལཱ་སི་ཀི་ནམ་ཟླའི་གྲོས་མཐུན་ལས་བཏོན་པའི2025ལོའི་རྒྱལ་སྤྱིའི་སྤྱི་བའི་མ་དངུལ་དེ2019ལོའི་ཆུ་ཚད་ལས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ནས། མེ་སྒོར་ཐེར་ཆེན་བཞིར་འགྱུར་ཡོད་པས། དམིགས་འབེན་དེ་མངོན་འགྱུར་བྱེད་དཀའ་བར་གྱུར་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་སྙན་ཞུའི་ནང་དོན་ཐད་ནས་བསྟན་དོན། ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། དེར་བསྟུན་གྱི་མ་དངུལ་རྗེས་ཆོད་མེད་པས། ཉམས་ཞན་གྱི་མང་ཚོགས་རྣམས་མཚོ་ངོས་ཡར་འཕགས་པ་དང་དྲག་རླུང་ཆེན་པོ། ཚ་གདུག་ཆེན་མོ་སོགས་ཀྱི་ཉེན་ཁའི་ཁྲོད་གནས་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ནམ་ཟླའི་འགྱུར་ལྡོག་གི་བར་ཁྱད་ཁ་གསབ་བྱེད་པ་ནི་ཚེ་སྲོག་སྲུང་སྐྱོབ་དང་ནམ་ཟླའི་དྲང་བདེན་མངོན་འགྱུར་བྱེད་པ། སྔར་ལས་བདེ་འཇགས་དང་རྒྱུན་མཐུད་ཐུབ་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པའི་གནད་འགག་ཡིན་ཟེར།

སྙན་ཞུ་ལས་དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ནམ་ཟླའི་ཐག་གཅོད་མ་དངུལ་འདོན་སྤྲོད་བྱེད་པའི་ཁས་ལེན་དམ་བཅའ་དངོས་འབེབས་བྱེད་དགོས་པའི་འབོད་སྐུལ་བཏང་། ན་ནིང་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་ཉེར་དགུ་བ་ནས2035ལོའི་བར་ དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་ལོ་རེར་ཉུང་མཐར་ཡང་མ་དངུལ་མེ་སྒོར་ཁྲག་ཁྲིག་གསུམ་བསྡུ་བའི་དམིགས་འབེན་བཙུགས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།