
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སེ་ཕུའུ་ལུའུ་སི་རུ་སྡོད་པའི་དམིགས་བསལ་འཐུས་མི་ཏིས་ཡཱ་ནེ་ཡིས་ཚེས29ཉིན་སེ་ཕུའུ་ལུའུ་སིའི་རྒྱལ་ས་ནེ་ཁི་ཞི་ཡཱ་ནས་སེ་ཕུའུ་ལུའུ་སིའི་སྲིད་འཛིན་ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་དང་གྲོས་མོལ་བྱེད་སྐབས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱ་བ་སྣ་ཚོགས་སྤེལ་ནས། སེ་ཕུའུ་ལུའུ་སིའི་གནད་དོན་ཐག་གཅོད་བྱེད་པའི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པར་ཆ་རྐྱེན་བསྐྲུན་དགོས་ཟེར།
སེ་ཕུའུ་ལུའུ་སིའི་སྲིད་འཛིན་བཞུགས་ཤག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཏིས་ཡཱ་ནེ་ཡིས་གྲོས་མོལ་བྱེད་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡི་སེ་ཕུའུ་ལུའུ་སིའི་གནད་དོན་གྱི་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེ་གཏོང་བར་མཐོང་ཆེན་བྱེད་པ་དང་དམ་བཅའ་བརྟན་པོ་བརྒྱུད་སྒྲོག་བྱས། ཏིས་ཡཱ་ནེ་ཡིས་ནན་གྱིས་བསྟན་དོན། སེ་ཕུའུ་ལུའུ་སིའི་ཞི་ལཱ་རིགས་དང་ཐུར་ཁེ་རིགས་ཀྱི་མགོ་ཁྲིད་པའི་འབྲེལ་འདྲིས་སླར་གསོ་བྱེད་རྒྱུ་ཡིན་ཟེར།
ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་ཡིས་བསྟན་དོན། ཁོས་ཆབ་སྲིད་ཀྱི་རེ་འདུན་ཆེད་དུ་ཆ་རྐྱེན་འོས་འཚམ་བསྐྲུན་ནས་གྲོས་མོལ་སླར་གསོ་བྱས་ཏེ། སེ་ཕུའུ་ལུའུ་སིའི་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ11པའི་ཟླ་མཇུག་ཏུ་ཉིག་ཡོ་ནས་སེ་ཕུའུ་ལུའུ་སིའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་བསྡུ་རྒྱུ་ཡིན་པ་དང་། སྐབས་ཐོག་དེར་སེ་ཕུའུ་ལུའུ་སིའི་ཞི་ལཱ་རིགས་དང་ཐུར་ཁེ་རིགས་ཀྱི་འཐུས་མི་དང་། ཞི་ལཱ། ཐུར་ཁེ། དབྱིན་ཇི་བཅས་ཕྱོགས་གསུམ་གྱི་འགན་སྲུང་རྒྱལ་ཁབ་ཀྱི་འཐུས་མི་ཚང་མ་གྲོས་ཚོགས་ལ་ཞུགས་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།