སུའུ་ཏན་སྲིད་གཞུང་གིས་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཧྥ་ཞེ་ཨར་ནས་མི་སེར་དཀྱུས་མ2000ལྷག་བསད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

སུའུ་ཏན་སྲིད་གཞུང་གིས་ཚེས29ཉིན་བཤད་རྒྱུར། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་ཚེས26ཉིན་རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཧྥ་ཞེ་ཨར་དུ་སོང་ནས། གྲོང་ཁྱེར་དེའི་མི་སེར་དཀྱུས་མ2000ལྷག་བསད་ཟེར།

སུའུ་ཏན་མི་ཆོས་རིང་ལུགས་རོགས་སྐྱོར་ཨུ་ཡོན་ལྷན་ཁང་གི་ཆེད་དོན་པ་གཞོན་པ་མུའུ་ནཱ་ཡིས་ཉིན་དེར་ཤར་ཕྱོགས་ཀྱི་སུའུ་ཏན་གྲུ་ཁ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་སྟེང་བཤད་རྒྱུར། སྐྱོ་གར་ཆེན་པོ་ཧྥ་ཞེ་ཨར་ནས་བྱུང་བ་དང་། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་གྲོང་ཁྱེར་དེ་བླངས་རྗེས། སྨན་ཁང་གི་ནད་པ་དང་རྨས་མ་བསད་པར་མ་ཟད། མི་སེར་དཀྱུས་མ་མང་བོ་རྗེས་འདེད་དང་བཙན་གཡེམ། དམར་གསོ་བཅས་བྱས་པ་དང་། གྲོང་ཁྱེར་དེའི་ནང་མི་སེར་དཀྱུས་མ2000ལྷག་བསད། དེ་ནི་མི་སེར་དཀྱུས་མར་དམིགས་པའི་རིགས་རྒྱུད་ཚད་གཅོད་བྱས་ལ། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་རྒྱབ་འགལ་དུ་སོང་ཡོད་ཟེར། མུའུ་ནཱ་ཡིས་ད་རུང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཁི་ཨར་ཏའོ་ཧྥན་མངའ་སྡེའི་པཱ་ལཱ་གྲོང་ཁྱེར་ནས་ལས་འགན་ལག་བསྟར་བྱེད་པའི་སུའུ་ཏན་ཟླ་གསར་དམར་པོ་ཚོགས་པའི་དང་བླངས་པ5བསད་པར་རྒོལ་གཏམ་བཏང་།

སུའུ་ཏན་དམངས་ཁྲོད་ལས་ཁུངས་སུའུ་ཏན་སྨན་པའི་དྲ་ཚིགས་ཀྱིས་ཀྱང་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ན་ནིང་ཟླ5བ་ནས་བཟུང་། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་བསྟུད་མར་ཧྥ་ཞེ་ཨར་ལ་དམིགས་ནས་དམངས་བཀོལ་རྨང་གཞིའི་སྒྲིག་ཆས་དང་ཚོང་ར། ཡུལ་གྱར་བའི་སྒར་ས་སོགས་ལ་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མི་ཁྲི་གཅིག་དང་སྟོང་བཞི་ལྷག་འགས་གཏོར་དང་ལྟོགས་སྐོམ་སོགས་ལས་ཤི་རུ་བཅུག འདས་པའི་ཉིན་གསུམ་ནང་། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཧྥ་ཞེ་ཨར་ནས་ཕྱིར་འབྲོ་རྩིས་ཡོད་པའི་མི་སེར་དཀྱུས་མ1500ཙམ་དམར་གསོད་བཏང་ཡོད་ཟེར།

འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མགོ་ཁྲིད་པ་ཏཱ་ཅཱ་ལོ་ཡིས་ཚེས29ཉིན་གྱི་དགོང་མོར་སྨྱན་བྱད་ལ་གསལ་སྒྲོག་སྤེལ་ཏེ། ཧྥ་ཞེ་ཨར་གྱི་འཐབ་འཁྲུག་མཇུག་སྒྲིལ་བ་དང་། ཧྥ་ཞེ་ཨར་དེ་ཏཱ་ཨར་ཧྥུའུ་ཨར་མི་དམངས་ཀྱི་ཞི་བདེའི་དང་བདེ་འཇགས་ཀྱི་གནས་སུ་གྱུར་ཡོད་པའི་ཚུལ་བསྟན་པ་ར་མ་ཟད། ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས་གྲོང་ཁྱེར་དེར་བྱུང་བའི་དྲག་སྤྱོད་ལ་རྟོག་ཞིབ་བྱེད་དུ་འཇུག་རྒྱུ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།