
སྐབས་བརྒྱད་པའི་ཕཱ་ལེ་སིའི་ཞི་བདེའི་གླེང་སྟེགས་ཚེས29ཉིན་ནས་ཚེས30ཉིན་བར་ཧྥ་རན་སིའི་ཕཱ་རེ་སི་ནས་བསྡུས། བརྗོད་སྙིང་ནི་ཞི་བདེ་དང་མིའི་རིགས། སའི་གོ་ལ་བཅས་ཀྱི་མནའ་མཐུན་གསར་བའི་ཆེད་དུ་ཅེས་པ་དེ་ཡིན། ཚོགས་ཞུགས་མཁན་སྟོང་ཕྲག་འགའ་ཡིས་མིག་སྔའི་ས་ཁུལ་བར་གྱི་ཆབ་སྲིད་འགྱུར་ལྡོག་དང་ཚན་རིག་ལག་རྩལ་གྱི་བཅོས་བསྒྱུར། འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་འོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཇི་ལྟར་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པའི་ཐད་ནས་གྲོས་བསྡུར་བྱས།
གླེང་སྟེགས་ཀྱི་ཀྲུའུ་ཞི་ཨན་ཧི་ཨར་ཀུའུ་ལི་ཡཱ་ཡིས་ཚེས29ཉིན་ཚོགས་མགོ་རྩོམ་པའི་ཞུ་ཚིག་འབུལ་སྐབས་བསྟན་དོན། ཐུན་མོང་འགུལ་སྐྱོད་ནི་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པའི་གནད་འགག་ཡིན། དེ་ལས་འཛམ་གླིང་ཡོངས་ཀྱི་ས་ཁོངས་སོ་སོའི་བར་དང་། སྤྱི་གཞུང་དང་སྒེར་གྱི་སྡེ་ཁག་བར། འཛམ་གླིང་ཡོངས་དང་ས་ཁུལ་རིམ་པའི་བར་དུ་མནའ་འབྲེལ་གསར་བ་འཛུགས་དགོས་པའི་རེ་བ་བཏོན་ཡོད་ཟེར།
གླེང་སྟེགས་དཔོན་ཕྱོགས་དྲ་བས་མཚམས་སྦྱོར་བྱས་པ་ལྟར་ན། ནམ་ཟླའི་ཉམས་ཉེན་ནི་སྐབས་འདིའི་གླེང་སྟེགས་ཀྱི་གྲོས་གཞི་གཙོ་བོ་ཡིན། ཚེས29ཉིན་གྱི་ཕྱི་དྲོར། གླེང་སྟེགས་ཀྱིས་ཕཱ་རེ་སིའི་གྲོས་ཆོད་བཀོད་ནས་ལོ་ངོ10འགོར་བའི་ཆེད་དོན་གྲོས་ཚོགས་བསྡུས། ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་གིས་ཚོགས་ཐོག་ནས་རྒྱལ་ཁབ་སོ་སོའི་ནམ་ཟླའི་འགུལ་སྐྱོད་ཐད་མཐུན་སྦྱོར་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཞོར་དུ་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་ལ་དོ་སྣང་བྱས་ཏེ། འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་ཚུལ་བསྒྱུར་གྱི་དངུལ་གསོག་སོགས་འབྲེལ་ཡོད་རྐྱེན་སྲོལ་དེ་སྔར་ལས་དཀྱེལ་ཡངས་དང་དྲང་བདེན་ཡོང་བར་བྱེད་དགོས་ཟེར།
ཆེད་དོན་གྲོས་ཚོགས་དེར་ཞུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་སུམ་ཅུ་བའི་འགན་ཁུར་བར་སྒུག་པའི་ཀྲུའུ་ཞི་ཏའོ་ལཱ་ཀི་ཡིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་དང་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ལ་ཐད་ཀར་དུ་ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་བཞིན་ཡོད། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པར་ཕྱོགས་སོ་སོ་ཟབ་ཞུགས་བྱེད་པར་སྐུལ་སློང་བྱེད་དགོས། མིག་སྔར་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགུལ་སྐྱོད་ཀྱི་མ་དངུལ་དགོས་མཁོ་ཆེ་བ་དང་། མུ་མཐུད་དུ་ཕྱོགས་མང་བོའི་གསར་སྤེལ་དངུལ་ཁང་དང་སྒེར་གཉེར་སྡེ་ཁག་སོགས་ཀྱི་མ་དངུལ་ཡོང་ཁུངས་སྐུལ་སློང་བྱེད་དགོས་ཟེར།
ཕཱ་རེ་སིའི་ཞི་བདེའི་གླེང་སྟེགས་སྐབས་ཐོག་མ་དེ2018ལོར་ཚོགས་མགོ་བརྩམས་པ་དང་། གླེང་སྟེགས་དེའི་དམིགས་ཡུལ་ནི་ཕྱོགས་མང་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་ཆེད་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།