
ཕཱ་ཁི་སི་ཐན་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་ཚེས30ཉིན་བསྟན་དོན། ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དང་གྲོས་མོལ་གཙོ་སྒྲུབ་ཕྱོགས་ཁག་གི་རེ་བ་ལྟར། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཐུར་ཁེའི་དབྱི་སི་ཐན་པོར་ནས་ཨ་ཧྥུའུ་ཧན་བར་གྱི་གྲོས་མོལ་སླར་གསོ་བྱེད་པར་འཐད་པ་བྱུང་ཡོད་ཟེར།
འབྲེལ་ཡོད་མི་སྣས་བཤད་རྒྱུར། རྒྱལ་ནང་དུ་ཕྱིར་ལོག་རྩིས་ཡོད་པའི་ཕཱ་ཁི་སི་ཐན་གྱི་འཐུས་ཚབ་ཚོགས་པ་དབྱི་སི་ཐན་པོར་ནས་བསྡད་དེ་མུ་མཐུད་དུ་ཨ་ཧྥུའུ་ཧན་བར་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཕྱོགས་ཁག་སོ་སོས་གྲོས་མོལ་འཕེལ་རིམ་སླར་གསོ་བྱས་ཏེ་ཞི་བདེ་ལ་ཡང་བསྐྱར་གོ་སྐབས་ཐེངས་ཤིག་སྟེར་རྒྱུ་ཐག་བཅད་ཡོད་ཟེར།
འབྲེལ་ཡོད་མི་སྣས་ཁ་གསབ་ཀྱི་ཚུལ་དུ་བཤད་རྒྱུར། མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་སྐོར་ཐེངས་གསར་བའི་གྲོས་མོལ་ནས་གཙོ་བོ་ཕཱ་ཁི་སི་ཐན་གྱི་རེ་འདུན་གཙོ་བོ་སྟེ། ཨ་ཧྥུའུ་ཧན་གྱིས་རང་གི་མངའ་ཁོངས་ཀྱི་འཇིགས་སྐུལ་རྩ་འཛུགས་ལ་དཔྱད་ཞིབ་ཐུབ་ཅིང་ཕན་ནུས་ལྡན་པའི་འགུལ་སྐྱོད་མངོན་གསལ་སྤེལ་བར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།
ཕཱ་ཁི་སི་ཐན་དང་ཨ་ཧྥུའུ་ཧན་བར་ཉེ་སྔོན་མཐའ་མཚམས་ས་ཁུལ་ནས་འཁྲུག་རྩོད་ཐེངས་མང་བྱུང་། ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་ཟླ་འདིའི་ཚེས19ཉིན་བཤད་རྒྱུར། ཁཱ་ཐར་དང་ཐུར་ཁེའི་བར་འདུམ་འོག ཕཱ་ཁི་སི་ཐན་དང་ཨ་ཧྥུའུ་ཧན་གྱིས་མྱུར་མོར་འཁྲུག་རྩོད་མཚམས་འཇོག་པར་ཡིད་འཐད་བྱུང་བ་དང་། མུ་མཐུད་དུ་གྲོས་མོལ་བྱས་ནས་འཁྲུག་རྩོད་མཚམས་འཇོག་པའི་རྒྱུན་མཐུད་རང་བཞིན་ལ་འགན་སྲུང་བྱེད་རྒྱུ་རེད་ཟེར། ཕཱ་ཁི་སི་ཐན་གྱི་གསར་འགྱུར་དང་རྒྱང་སྒྲོག་པུའུ་ཀྲང་ཐཱ་ལཱ་ཨར་གྱིས་ཚེས29ཉིན་བཤད་རྒྱུར། བསྟུད་མར་ཉིན་འགའི་རིང་ལ་ཕཱ་ཁི་སི་ཐན་དང་ཨ་ཧྥུའུ་ཧན་གྱིས་ཐུར་ཁེའི་དབྱི་སི་ཐན་པོར་ནས་སྐོར་ཐེངས་གསར་བའི་གྲོས་མོལ་ནས་ལག་བསྟར་ཆོག་པའི་ཐག་གཅོད་ཇུས་གཞི་བཀོད་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།