
ལེ་པཱ་ནུན་གྱི་སྲིད་འཛིན་ཨོ་ཨིན་གྱིས་ཚེས30ཉིན་དམག་དཔུང་གིས་དབྱི་སི་རལ་གྱི་དམག་དཔུང་གི་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་བཙན་འཛུལ་བྱ་འགུལ་གང་རུང་ལ་རྒོལ་ལན་སྤྲོད་དགོས་པའི་བཀའ་རྒྱ་བཏང་། ཉིན་དེའི་ཞོགས་པར། དབྱི་སི་རལ་གྱི་དམག་དཔུང་རྒྱལ་མཚམས་བརྒལ་ནས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་མཐའ་མཚམས་གྲོང་སྡེ་ཞིག་ལ་འཇབ་རྒོལ་བྱས་ཏེ་མི་གཅིག་རྐྱེན་ལམ་དུ་ཤོར།
ལེ་པཱ་ནུན་གྱི་སྲིད་འཛིན་བཞུགས་ཤག་གིས་བསྒྲགས་པ་ལྟར་ན། ཨོ་ཨིན་གྱིས་ཉིན་དེར་སྲིད་འཛིན་བཞུགས་ཤག་པཱ་པུའུ་ཏཱ་ཕོ་བྲང་ནས་ལེ་པཱ་ནུན་གྱི་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཧེ་ཁཱ་ཨར་ལ་ཐུག་འཕྲད་བྱས་པ་དང་། ཧེ་ཁཱ་ཨར་གྱིས་དབྱི་སི་རལ་གྱི་དམག་དཔུང་གི་རྒྱལ་མཚམས་བརྒལ་བའི་འགུལ་སྐྱོད་ཀྱི་གནས་ཚུལ་ཞིབ་མོ་སྙན་ཞུ་བྱས།
ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཚེས30ཉིན་གྱི་ཞོགས་པའི་དུས་ཚོད1དང་སྐར་མ30ཡས་མས་སུ། དབྱི་སི་རལ་གྱི་དམག་དཔུང་རུ་ཁག་ཅིག་ལེ་པཱ་ནུན་ལྷོ་ངོས་མཐའ་མཚམས་བརྒལ་ནས་པུའུ་ལེ་ཏཱ་སྡེ་བར་ཡོང་བ་དང་། དམག་བཀོལ་རླངས་འཁོར་མང་བོའི་རོགས་འདེགས་འོག་ས་དེའི་སྲིད་གཞུང་གི་ཐོག་ཁང་ལ་འཇབ་རྒོལ་བྱས་ཏེ། ལས་རེས་བྱེད་པའི་ལས་བྱེད་མི་སྣ་གཅིག་བསད་ཟེར། ས་དེའི་སྡོད་དམངས་ཀྱིས་བཤད་རྒྱུར། ཐོག་ཁང་དེའི་ནང་ཉེན་སྐྱོབ་འབོད་སྒྲ་ཐོས་ཐུབ། དབྱི་སི་རལ་གྱི་དམག་དཔུང་ཞོགས་པའི་དུས་ཚོད4ཡས་མས་སུ་ཕྱིར་འཐེན་བྱས་པ་དང་། ལེ་པཱ་ནུན་གྱི་དམག་དཔུང་དེའི་རྗེས་སུ་ཡུལ་དངོས་དེར་འབྱོར་བ་རེད་ཟེར།
ཨོ་ཨིན་གྱིས་ཐེངས་འདིའི་འཇབ་རྒོལ་ནི་དབྱི་སི་རལ་གྱིས་བསྟུད་མར་བཙན་འཛུལ་བྱ་འགུལ་སྤེལ་བའི་ཁག་ཅིག་ཡིན་པར་རྒོལ་གཏམ་བཏང་།
དབྱི་སི་རལ་གྱི་དམག་དཔུང་གི་མགྲིན་ཚབ་པས་ཚེས30ཉིན་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་འགུལ་སྐྱོད་ནི་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་བཀོལ་བའི་སྒྲིག་ཆས་གཏོར་བཤིག་གཏོང་ཆེད་ཡིན། འགུལ་སྐྱོད་སྤེལ་སྐབས་དབྱི་སི་རལ་གྱི་དམག་དཔུང་གིས་ཐོག་ཁང་ནང་ནས་དོགས་ཡོད་མི་སྣ་གཅིག་རྙེད་ནས་འཛིན་བཟུང་བྱེད་རྩིས་བྱས་པ་དང་། བརྒྱུད་རིམ་དེའི་ཁྲོད་དབྱི་སི་རལ་གྱི་དམག་དཔུང་གིས་མེ་མདས་བརྒྱབ་པ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།