དབྱི་ལིང་གིས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་གྲོས་མོལ་སྤེལ་འདོད་ཡོད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས30ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཉིན་དེར་དབྱི་ལིང་ཤར་ངོས་ཀྱི་ཨ་སེ་པེད་ཅང་ཞིང་ཆེན་ནས་ས་གནས་དཔོན་པོར་ཐུག་འཕྲད་བྱེད་སྐབས་བསྟན་དོན། གལ་ཏེ་ཕྱོགས་སོ་སོས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་གྲོས་མོལ་སྤེལ་བར་གྲ་སྒྲིག་བྱས་ཡོད་ན། དབྱི་ལིང་གིས་དུས་ངེས་མེད་དུ་གྲོས་མོལ་སྤེལ་ཆོག་ཟེར།

ཨ་ལཱ་ཀི་ཆི་ཡིས་བཤད་རྒྱུར། གྲོས་མོལ་ཕྱོགས་ཁག་སོ་སོས་འདྲ་མཉམ་གྱི་རྨང་གཞིའི་སྟེང་གྲོས་མོལ་བྱེད་པ་དང་། ཕན་ཚུན་བརྩི་འཇོག་བྱེད་པ་སྔོན་འགྲོའི་ཆ་རྐྱེན་དུ་བྱེད་པའི་གྲོས་མཐུན་འགོད་པ། འཇིགས་སྐུལ་བྱེད་ཐབས་མེད་པར་གཏོང་ན། དབྱི་ལིང་གིས་དུས་ངེས་མེད་དུ་གྲོས་མོལ་བྱེད་ངེས་ཡིན་ཟེར།

ཁོས་ནན་གྱིས་བསྟན་དོན། དབྱི་ལིང་གིས་ཐོག་མཐའ་བར་གསུམ་དུ་གྲོས་མོལ་དང་ཕྱི་འབྲེལ་ཐད་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་ཀྱང་། ཕན་ཚུན་བརྩི་འཇོག་དང་ཐུན་མོང་ཁེ་ཕན་རྨང་གཞིར་བྱས་ཤིང་འཇིགས་སྐུལ་དང་གནོན་ཤུགས་སྟེར་བའི་སྣང་ཚུལ་མེད་པའི་གྲོས་མོལ་སྤེལ་ན་ད་གཟོད་དོན་སྙིང་ལྡན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།