
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས29ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཧྥ་ཞེ་ཨར་གྱི་སྨན་ཁང་ཞིག་ནས་གཞི་རྒྱ་ཆེ་བའི་དམར་གསོད་དོན་རྐྱེན་བྱུང་བར་རྒོལ་གཏམ་དྲག་པོ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། ནད་པ་དང་བདག་སྐྱོང་མི་སྣ460ལྷག་ཚེས28ཉིན་སྨན་ཁང་དེར་དམར་གསོད་བཏང་བ་རེད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཐེངས་འདིའི་དམར་གསོད་དོན་རྐྱེན་དེར་ཧ་ལས་པའི་ཚུལ་བསྟན་ཡོད་ཟེར། ཁོས་གསལ་སྒྲོག་ནང་མྱུར་མོར་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་སྨན་བཅོས་སྒྲིག་ཆས་ལ་དམིགས་པའི་འཇབ་རྒོལ་ཚང་མ་མཚམས་འཇོག་དགོས་པ་དང་། ནད་པ་དང་སྨན་བཅོས་བྱ་བ་བྱེད་མཁན། སྨན་བཅོས་སྒྲིག་ཆས་བཅས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བཤད་ཚུལ་ལྟར་ན། སོ་ཏི་ཨ་རབ་ཀྱི་བུ་བཙའ་སྨན་ཁང་ནི་ཧྥ་ཞེ་ཨར་གྲོང་ཁྱེར་གྱི་འཁོར་སྐྱོད་ཐུབ་པའི་སྨན་ཁང་གཅིག་པུ་ཡིན། ཚེས26ཉིན་སྨན་ཁང་དེར་ཟླ་ངོ་གཅིག་གི་ནང་འཇབ་རྒོལ་ཐེངས་བཞི་བ་ཐེབས་ཏེ། ལས་བྱེད་མི་སྣ4ལ་ཤི་རྨས་ཐེབས། ཚེས28ཉིན། སྨན་ཁང་དེའི་སྨན་བཅོས་ལས་བྱེད་མི་སྣ6བཙན་ཁྲིད་བྱས། སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ནད་པ་དང་བདག་སྐྱོང་མི་སྣ460ལྷག་ཚེས28ཉིན་སྨན་ཁང་དེར་དམར་གསོད་བྱས་ཟེར།
བསྒྲགས་པ་ལྟར་ན། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མགོ་ཁྲིད་པ་ཏཱ་ཅཱ་ལོ་ཡིས་ཚེས29ཉིན་ཧྥ་ཞི་ཨར་ནས་བྱུང་བའི་དམར་གསོད་དོན་རྐྱེན་དེ་ཁས་ལེན་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས30ཉིན་སུའུ་ཏན་གྱི་དམག་དོན་འཁྲུག་རྩོད་མྱུར་མོར་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གསལ་སྒྲོག་ལས་བཤད་རྒྱུར། ཧྥ་ཞེ་ཨར་གྲོང་ཁྱེར་གྱི་གནས་བབ་ཛ་དྲག་ཏུ་སོང་བ་དང་། ལྟོགས་སྡུག་མྱོང་བཞིན་ཡོད་པར་མ་ཟད་ནད་ཡམས་ཀྱིས་མནར་བ་ལས། བྱིས་པ་དང་བཅས་པའི་མི་སེར་དཀྱུས་མ་མང་བོའི་ཚེ་སྲོག་ཤོར་བར་མ་ཟད། མ་གཞི་ནས་ཉམ་ཞན་དུ་གྱུར་བའི་སྨན་བཅོས་མ་ལག་ཉམས་དམས་སུ་སོང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།