མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་མཐོ་རིམ་ཆེད་མིས་ཨ་མེ་རི་ཁས་གྲུ་གཟིངས་ལ་ཁྲིམས་འགལ་བར་སྣང་འཇབ་རྒོལ་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་མཐོ་རིམ་ཆེད་མི་ཐུའུ་ཨར་ཁི་ཡིས་ཟླ10བའི་ཚེས31ཉིན་བསྟན་དོན། ཨ་མེ་རི་ཁས་ཅཱ་ལེ་པུས་མཚོ་ཁོངས་ས་ཁུལ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ནས་གྲུ་གཟིངས་ལ་ཁྲིམས་འགལ་བར་སྣང་འཇབ་རྒོལ་བྱས་པ་དེ་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་བཅའ་ཁྲིམས་དང་འགལ་ཡོད་ཟེར། ཁོས་ཨ་མེ་རི་ཁས་འཇབ་རྒོལ་དེ་རིགས་མཚམས་བཞག་ནས་གྲུ་གཟིངས་སྟེང་གི་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་།

ཐུའུ་ཨར་ཁི་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བསྟན་དོན། ཟླ9བའི་ཟླ་མགོའི་ཚུན་ལ། ཨ་མེ་རི་ཁའི་དམག་དཔུང་གིས་ཅཱ་ལེ་པུས་མཚོ་ཁོངས་ས་ཁུལ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ནས་གྲུ་གཟིངས་ལ་འཇབ་རྒོལ་བྱེད་པའི་བར་སྣང་འཇབ་རྒོལ་རབ་དང་རིམ་པ་སྤེལ། བསྒྲགས་པ་ལྟར་ན་མི60ལྷག་རྐྱེན་ལམ་དུ་ཤོར་བ་དང་། འཇབ་རྒོལ་དེ་དག་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་བཅའ་ཁྲིམས་དང་འགལ་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། འཇབ་རྒོལ་དེ་དག་དང་དེ་ལས་བཟོས་པའི་མི་སྣའི་ཤི་རྨས་ཐེབས་ཚད་ཇེ་མང་དུ་འགྲོ་བ་ནི་དང་ལེན་བྱེད་ཐབས་མེད། ཨ་མེ་རི་ཁས་ངེས་པར་དུ་འཇབ་རྒོལ་དེ་རིགས་མཚམས་འཇོག་དགོས་པ་དང་། དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ་གྲུ་གཟིངས་སྟེང་གི་མི་སྣ་དག་ལ་ནག་ཉེས་ག་འདྲ་ཞིག་གི་སྐྱོན་འཛུགས་ཐེབས་ཡོད་ཀྱང་། ཁོ་ཚོའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར།

ཨ་མེ་རི་ཁས་ནམ་རྒྱུན་བར་སྣང་འཇབ་རྒོལ་དེ་དག་ནི་དུག་འགོག་དང་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་ཀྱི་ཁག་ཅིག་ཡིན་པར་བཤད་། དེའི་ཐད་ནས་ཐུའུ་ཨར་ཁི་ཡིས་བསྟན་དོན། རྒྱལ་ཁོངས་བརྒལ་བའི་དུག་འགོག་དེ་ཁྲིམས་བསྟར་ལས་དོན་སུ་གཏོགས་པས། ངེས་པར་དུ་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་བཅའ་ཁྲིམས་ཀྱི་གསོད་རྨས་རང་བཞིན་གྱི་མཚོན་ཆའི་བཀག་སྡོམ་ནན་མོ་བརྩི་སྲུང་བྱེད་དགོས་ཀྱང་། ཨ་མེ་རི་ཁའི་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་ཚད་ཡོད་པའི་ཆ་འཕྲིན་ལྟར་ན། འཇབ་རྒོལ་ཐེབས་པའི་གྲུ་གཟིངས་སྟེང་གི་མི་སུ་ཡིན་ཡང་མི་གཞན་པའི་ཚེ་སྲོག་ལ་འཇིགས་ཉེན་ཚབས་ཆེན་ཅི་ཡང་ཐེབས་མེད། ཨ་མེ་རི་ཁས་ཀྱང་གྲུ་གཟིངས་སྟེང་གི་མི་སྣར་མཚོན་ཆས་འཇབ་རྒོལ་བྱས་པར་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཐུན་པའི་རྒྱུ་མཚན་ཅི་ཡང་བཤད་རྒྱུ་མེད་ཟེར།

ཐུའུ་ཨར་ཁི་ཡིས་གསལ་སྒྲོག་ནང་། གང་མགྱོགས་སྒོས་ཨ་མེ་རི་ཁས་ཅཱ་ལེ་པུས་མཚོ་ཁོངས་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གྲུ་གཟིངས་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་ཐད་ནས་སྒེར་ཚུགས་དང་མངོན་གསལ་གྱིས་རྟོག་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།