གློག་ཤུགས་མཉམ་འབྲེལ་དང་ལྷད་མེད་དངུལ་གཏོང་གི་བརྗོད་དོན་གྲོས་ཚོགས་ཨན་ཁོ་ལཱ་ནས་བསྡུས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

སྐབས་གསུམ་པའི་ཨ་ཧྥེ་རི་ཁ་གླིང་གི་རྨང་གཞིའི་སྒྲིག་ཆས་འཕེལ་རྒྱས་ཀྱི་དངུལ་གསོག་དངུལ་གཏོང་རྩེ་ཚོགས་ཟླ10བའི་ཚེས28ཉིན་ནས་ཚེས31ཉིན་བར་ཨན་ཁོ་ལཱའི་རྒྱལ་ས་ལོ་ཨན་ཏཱ་ནས་བསྡུས། གྲོས་ཚོགས་སྐབས་སུ་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་འཕེལ་རྒྱས་ལས་དོན་ཁང་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པ། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་བའི་འཕེལ་རྒྱས་མཉམ་ལས་རྩ་འཛུགས་བཅས་ཀྱིས་མཉམ་འབྲེལ་སྒོས་གློག་ཤུགས་མཉམ་འབྲེལ་དང་ལྷད་མེད་དངུལ་གཏོང་སྟེ་ཨ་ཧྥེ་རི་ཁ་གླིང་གིས་ལྷད་མེད་མ་འོངས་པ་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བའི་བརྗོད་དོན་གྲོས་ཚོགས་བསྡུས་པ་དང་། དམིགས་ཡུལ་ནི་ཨ་ཧྥེ་རི་ཁ་གླིང་གི་གློག་ཤུགས་མཉམ་འབྲེལ་དང་དངུལ་གསོག་དངུལ་གཏོང་ལ་སྐུལ་འདེད་བཏང་ནས། ཨ་ཧྥེ་རི་ཁ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་ལ་རོགས་འདེགས་བྱེད་ཆེད་རེད།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་འཐུབ་ཚབ་ཚོགས་པའི་མགོ་བ་ལིའུ་ཞའོ་མེན་གྱིས་བསྟན་དོན། ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོའི་བར་དཔུང་བ་མཉམ་གཤིབ་དང་མཉམ་ལས་དམ་ཟབ་བྱས་ཏེ། ལྷད་མེད་ཐཱན་ཉུང་གི་རྨང་གཞིའི་སྒྲིག་ཆས་ལས་གཞི་སྐོར་ཞིག་ཨ་ཧྥེ་རི་ཁ་གླིང་ནས་རྩ་བ་ཚུགས་པར་སྐུལ་འདེད་བཏང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སའི་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་རང་བདག་གི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱས་ཏེ། ཨ་ཧྥེ་རི་ཁ་གླིང་དུ་ལྷད་མེད་དང་མཐུན་སྦྱོར། རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་རམ་བྱེད་འདོད་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་གླིང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ལག་རྩལ་དང་གསར་གཏོད། གཅིག་འབྲེལ་གཅིག་བརྟེན། རྨང་གཞིའི་སྒྲིག་ཆས་ཟི་ཡི་ཟི་ཀྲང་ལེ་ཞིན་ཀི་ཡིས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་གི་ནུས་ཁུངས་རྒྱུན་མཐུད་དང་རྨང་གཞིའི་སྒྲིག་ཆས་ཀྱི་གཅིག་འབྲེལ་གཅིག་བརྟེན་ཁྱབ་ཁོངས་སུ་སྔར་བཞིན་ཛ་དྲག་གི་འགྲན་རྩོད་ལ་འཕྲད་ཡོད་པ་དང་། དངུལ་གཏོང་གི་ཆད་ཁ་ཅུང་ཆེན་པོ་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ས་ཁོངས་ཀྱི་གློག་ཤུགས་གཞི་གཅིག་ཅན་དང་ལྷད་མེད་ནུས་ཁུངས་དངུལ་གཏོང་ལ་སྐུལ་འདེད་གཏོང་བ་དང་། ཨ་ཧྥེ་རི་ཁ་གླིང་གི་དག་གཙང་ནུས་ཁུངས་ཚུལ་བསྒྱུར་དང་གཅིག་འབྲེལ་གཅིག་བརྟེན་ལ་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་བའི་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ཡིས་ཨ་ཧྥེ་རི་ཁ་གླིང་གི་མཉམ་འབྲེལ་གཅིག་བརྟེན་དང་དར་རྒྱས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསར་གཏོད་ཆེན་མོ་ལྔ་སྟེ། འཆར་འགོད་གསར་གཏོད་དང་ཚད་གཞི་གསར་གཏོད། ལས་གཞི་གསར་གཏོད། དངུལ་གཏོང་གསར་གཏོད། རྨང་གཞིའི་སྒྲིག་ཆས་ཀྱི་མཉམ་འདྲེས་གསར་གཏོད་བཅས་བཏོན་ནས། ཨ་ཧྥེ་རི་ཁ་གླིང་དུ་ནུས་ཁུངས་ཀུན་ཕན་དང་ལྷད་མེད་ཚུལ་བསྒྱུར་མངོན་འགྱུར་བྱེད་པར་རོགས་འདེགས་བྱས།

སྐབས་གསུམ་པའི་ཨ་ཧྥེ་རི་ཁ་གླིང་གི་རྨང་གཞིའི་སྒྲིག་ཆས་འཕེལ་རྒྱས་ཀྱི་དངུལ་གསོག་དངུལ་གཏོང་རྩེ་ཚོགས་ནི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི། ཨན་ཁོ་ལཱའི་སྲིད་འཛིན་ལོ་ལོན་སོ་ཡིས་གྲོས་འདོན་བྱས་པ་ལྟར་བསྡུས་པ་ཡིན་ལ། བརྗོད་སྙིང་ནི་མ་རྩ་དང་བར་ཁྱམས། ཉོ་ཚོང་སྟེ། རྨང་གཞིའི་སྒྲིག་ཆས་ཐད་དངུལ་གཏོང་བྱས་ནས་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་ཚོང་ས་ཁུལ་དང་དར་རྒྱས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས་ཞེས་པ་དེ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།