
ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་བློན་ཆེན་གྱི་དངོས་གཞི་མིན་པའི་གྲོས་མོལ་ཐེངས15པ་ཟླ10བའི་ཚེས31ཉིན་མཱ་ལེ་ཞི་ཡཱའི་ཅི་ལུང་ཕའོ་ནས་བསྡུས། གྲོས་ཚོགས་ལ་ཀྲུང་གོའི་རྒྱལ་སྲུང་པུའུ་ཀྲང་ཏུང་ཅུན་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་མཱ་ལེ་ཞི་ཡཱའི་རྒྱལ་སྲུང་བློན་ཆེན་ཧཱ་ལི་ཏི་གཉིས་ཀྱིས་མཉམ་དུ་མགོ་འཛིན་བྱས།
ཏུང་ཅུན་གྱིས་བཤད་རྒྱུར། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འགོག་སྲུང་མཉམ་ལས་རིམ་བཞིན་རྒྱ་བསྐྱེད་དེ། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ཐད་སྟོབས་ཤུགས་ཆེན་པོ་འདོན་བཞིན་ཡོད། རྒྱལ་སྤྱིའི་གནས་བབ་ལ་རྙོག་འཛིང་ཆེ་བའི་སྐབས་སུ། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་གཏན་འཇགས་གཏིང་རྡོའི་ནུས་པ་ཐོན་པར་བྱེད་དགོས་པ་དང་། ལག་རྡང་སྦྲེལ་ནས་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་བསྐྲུན་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ། མཉམ་འབྲེལ་དང་རང་སྟོབས་རང་སྤེལ་གྱི་ཐོག་མའི་སེམས་འདུན་རྒྱུན་འཁྱོངས་བྱས་ཏེ་ཐུན་མོང་བདེ་འཇགས་ཀྱི་འགོག་ར་སྔར་ལས་སྲ་བརྟན་དུ་གཏོང་འདོད་ཡོད། ཨེ་ཤར་གྱི་བློ་གྲོས་ལ་བརྟེན་ནས་ཤར་ཕྱོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་དངོས་གཉེར་གྱི་འགུལ་སྐྱོད་ལ་བརྟེན་ནས་ལྷོ་ཕྱོགས་རྒྱ་མཚོའི་ཡུན་རིང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། མཉམ་ལས་མཉམ་རྒྱལ་གྱི་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་བྱས་ཤིང་། ཕན་ཚུན་སློབ་སྦྱོང་དང་དཔེར་ལེན་བྱས་ནས་རྒྱུས་ལོན་དང་འབྲེལ་བ་ཇེ་ཟབ་ཏུ་གཏོང་དགགོས་ལ། བདེ་འཇགས་འགྲན་རྩོད་ཐད་ཀྱི་སྤྱིའི་བབ་བསྟུན་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ཟེར།
ཧཱ་ལི་ཏི་སོགས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འགོག་སྲུང་སྡེ་ཁག་གི་མགོ་ཁྲིད་པས་ཀྲུང་གོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་བར་གྱི་འབྲེལ་བའི་འཕེལ་རྒྱས་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ས་ཁོངས་སྒྲོམ་གཞིའི་ཁྲོད་ཀྱི་དཀྱིལ་སྙིང་གོ་གནས་ལ་གཟེངས་བསྟོད་བྱས། ཀྲུང་གོའི་བར་གྱི་འགོག་སྲུང་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བྱས་ནས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་པའི་ཚུལ་བསྟན། ཚོགས་ཞུགས་རྒྱལ་ཁབ་དག་གིས2027ལོར་ཐེངས་གཉིས་པའི་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཚོ་ཐོག་དམག་དོན་སྦྱོང་བརྡར་སྤེལ་བར་གཅིག་གྱུར་འཐད་པ་བྱུང་།
ཉིན་དེར་ཏུང་ཅུན་གྱིས་ད་རུང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་བློན་ཆེན་གྱི་རྒྱ་བསྐྱེད་གྲོས་ཚོགས་ལ་ཞུགས་པའི་ཨ་མེ་རི་ཁ་དང་ནེའུ་ཙེ་ལན། ཐེ་གོ་བཅས་ཀྱི་འགོག་སྲུང་སྡེ་ཁག་གི་མགོ་ཁྲིད་པའི་བར་གྲོས་མོལ་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།