
ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་སོ་གཉིས་པ་ཟླ10བའི་ཚེས31ཉིན་ཧན་གོའི་ཆིན་ཀྲིག་ནས་ཚོགས་མགོ་བརྩམས། ཁོངས་གཏོགས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་ཚོགས་པའི་མགོ་ཁྲིད་པ་དང་འཐུས་མི་གཞན་པ་མཉམ་དུ་འཛོམས་ནས། དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་མ་འོངས་པར་སྐྱོད་པར་སྐུལ་འདེད་གཏོང་བར་བརྩོན་ལེན་བྱས།
ཧན་གོའི་སྲིད་འཛིན་ལིས་ཙེ་མེན་གྱིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། དེང་སྐབས་ཀྱི་འཛམ་གླིང་དེ་རྒྱལ་སྤྱིའི་སྒྲིག་ལམ་ལ་འགྱུར་ལྡོག་ཆེ་བའི་དཀྱོགས་མཚམས་སུ་གནས་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་ཀྱི་གཏན་འཇགས་མིན་པའི་རང་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་ལ། ཉོ་ཚོང་དང་དངུལ་གཏོང་འཕར་སྣོན་གྱི་སྒུལ་ནུས་ཇེ་ཞན་དུ་འགྲོ་བཞིན་ཡོད། མི་ཐབས་རིག་ནུས་མཚོན་བྱེད་དུ་གྱུར་བའི་ལག་རྩལ་གསར་བའི་བཅོས་བསྒྱུར་གྱིས་སྔར་མེད་ཀྱི་གོ་སྐབས་བསྐྲུན་པར་མ་ཟད་ཛ་དྲག་གི་འགྲན་རྩོད་ཀྱང་ཁྱེར་ཡོང་ཡོད་ཟེར།
ལིས་ཙེ་མེན་གྱིས་བསྟན་དོན། ཁོངས་གཏོགས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་ཚོགས་པའི་ལངས་ཕྱོགས་དང་ཁེ་ཕན་ཡོངས་སུ་གཅིག་མཚུངས་མིན་ཡང་། ཐུན་མོང་དར་རྒྱས་འཚོལ་ཞིབ་བྱེད་པའི་དམིགས་འབེན་ཐད་ནས་ལག་རྡང་སྦྲེལ་ནས་མདུན་སྐྱོད་བྱེད་དགོས་ཟེར། ཁོས་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་ཚོགས་པས་མཐུན་སྒྲིལ་དང་མཉམ་ལས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དེ་རྒྱུན་མཐུད་ཐུབ་པ་དང་དཀྱེལ་ཡངས། གསར་གཏོད་འཕེལ་རྒྱས་ཀྱི་མ་འོངས་པར་སྐྱོད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
ད་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཀྱིས་རྒྱུན་མཐུད་ཐུབ་པའི་སང་ཉིན་འཛུགས་སྐྲུན་བྱེད་པ་དེ་བརྗོད་སྙིང་དུ་བཟུང་ཡོད་ལ། དམིགས་ཡུལ་ནི་ས་ཁོངས་ཀྱི་གཅིག་འབྲེལ་གཅིག་བརྟེན་ལ་སྐུལ་འདེད་གཏོང་བ་དང་། གསར་གཏོད་སྒུལ་ཤུགས་ཅན་གྱི་འཕར་སྣོན་ལ་ཡར་སྐུལ་བྱས་ཏེ། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་སྔར་ལས་བབ་བསྟུན་གྱི་རང་བཞིན་ལྡན་པའི་མ་འོངས་པ་གསར་བསྐྲུན་བྱེད་ཆེད་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།